དེང་སང་ནི་གོ་ལ་ཟླུམ་པོ་འདིའི་སྟེང་དུ་འཚོ་སྡོད་བྱེད་པའི་མི་མང་ཆེ་བར་ཤེས་རིག་ལ་དགའ་ཞེན་དང་ཤེས་ཡོན་ལ་སྣང་ཆེན་བྱེད་ནས་ཐ་ན་གྲོང་པའི་རྫི་བོ་ཡན་ཆོད་ཀྱིས་ས་དཔེ་རྡོ་དཔེ་ལྟ་བུའི་སྙན་ངག་རེ་འབྲི་བ་བརྩོན་ཞིང་རང་རང་གིས་ཤེས་ཚོད་ཀྱི་དཔེ་ཀློག་གི་སྲོལ་ཞིག་ཚུག་འདུག འདི་ནི་ངོ་མ་དགའ་འོས་པ་དང་ཡིད་རངས་པའི་བྱ་འགུལ་ཞིག་ལོས་ཡིན་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་གོང་འཕེལ་དང་ཡར་རྒྱས་དགོས་ན་ཡར་རྒྱས་བྱེད་པ་ལ་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ལ་ཤེས་ཡོན་གྱི་ཚད་གཞི་མཐོ་རུ་གཏོང་དགོས་ན་དེ་གཏོང་པ་ལ་དཔེ་ཀློག་ནི་མེད་དུ་མི་རུང་བའི་བྱ་བ་ཞིག་ཏུ་འཁུམ། དཔེ་ཀློག་ལ་རྟེན་ནས་ཤེས་ཡོན་གྱི་གོ་རྟོགས་མཐོ་རུ་འགྲོ་ཐུབ་པས་དཔེ་ཀློག་བྱེད་རྒྱུ་ནི་ཨང་དང་པོའི་སྲོལ་བཟང་ཞིག་ལ་བརྩི་ཆོག། དཔེར་ན་འཛམ་གླིང་ན་ཆེས་སྙན་གྲགས་ལྡན་པའི་ཡ་ཧུ་དྭ་པའི་མི་རིགས་འདི་ཉིད་དེང་སང་ཀུན་གྱི་མཐེ་བོང་གནམ་ལ་བསྒྲེང་ཆོག་པའི་མི་རིགས་དེ་རང་བྱུང་གི་མཁས་པ་ཞིག་མ་ཡིན་པར་ཆུང་ནས་ལུགས་སྲོལ་ལྟར་དཔེ་ཀློག་གི་ཐེམ་སྐས་བརྒལ་ནས་ཡོང་བ་ཤ་སྟག་རེད་མོད་དེས་མ་ཚད་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ«་ཨ་རུ་དང་ཉི་ཧོང་»སོགས་འགྲན་ཟླ་བྲལ་བའི་ཚན་རིགས་འཕེལ་རྒྱས་ཕྱིན་དོན་ཡང་དཔེ་ཀློག་གི་ལམ་ཁ་ཁོ་ནར་སྙེགས་ནས་ཡོང་བས་ད་ལྟ་ཀུན་གྱི་ཡིད་སྨོན་ཤོར་ས་ཞིག་ཏུ་ཆགས་ཡོད། རྒྱུ་མཚན་དེ་ལྟ་བུའི་སྒོ་ནས་དཔེ་ཀློག་ནི་མི་ཚེའི་རིན་ཐང་སྒྲུབ་བྱེད་ཀྱི་ལྡེ་མིག་དེ་ཡིན། འོན་ཀྱང་དཔེ་ཀློག་བྱེད་སྟངས་ཀྱི་གནད་མ་ཤེས་པར་དཔེ་ཆ་ཀློག་གྲངས་མང་ཉུང་འགྲན་བསྡུར་ལྟ་བུ་བྱེད་ནས་དཔེ་དེབ་མང་པོ་ཀློག་པ་གཅིག་པུས་ཤེས་ཡོན་གྱི་ལྗང་བུ་དེ་བས་སྨིན་དཀའ། རྒྱུ་མཚན་ནི་དེང་དུས་སློབ་གཉེར་བ་འགའ་ཞིག་ཞག་དང་ཟླ་བ་ལ་བཀོད་སྒྲིག་བཟོ་ནས་དེབ་མ་མཐར་ལྔ་དྲུག་ཙམ་ཀློག་ཚུལ་སོགས་དྲྭ་བའི་བར་སྟོང་ནས་མཐོང་གི་འདུག་ཀྱང་དེ་ཚོ་ཧ་ལས་ནས་མཁས་པ་ལྟ་བུའི་འདུ་ཤེས་འཛིན་གྱི་མེད་དེ་ན་དཔེ་ཀློག་བྱེད་རྒྱུ་ལ་དགའ་བ་ལྡན་ཀྱང་དཔེ་ཀློག་བྱེད་སྟངས་མི་ཤེས་བའི་སློབ་གཉེར་ཧ་ཅང་མང་པོ་རེད། དཔེ་ན་གཞུང་ལུགས་ལྟ་བུའི་རིགས་ལ་དཔེ་མཚོན་ཙམ་ཞིག་འཆད་ན་ས་ལམ་ལྟ་བུ་ཆག་བཞག་ན་«དཔེ་ཁྲིད་ཚར་མང་པོ་ཞུ་དཔེ་ཀློག་ཚར་གྲངས་བཞི་ལྔ་ཙམ་བྱེད་མཁན་མང་པོ་ཡོད་ཚོད་འདུག རེད་དེ་དཔེ་ཀློག་མང་པོ་བྱེད་མ་ཐུབ་ཀྱང་དཔེ་ཆ་གང་བཀླག་པ་དེའི་ས་བཅད་དང་གཞུང་གི་བསྟན་དོན་རྣམས་ཕྱོགས་སྡོམ་བྱེད་ནས་དེ་ལ་དཔྱད་པ་ཡང་ཡང་བྱེད་པ་ཡིན་ན་ད་གཟོད་དཔེ་ཆ་བཀླག་པའི་དོན་གོ་ཞིག་ཆོད་ཀྱི་འདུག རྒྱུ་མཚན་ནི་དེའི་ས་བཅད་དང་གོ་དོན་བཅས་བློས་ཁྲོལ་བ་དང་འདྲིས་པ་སོགས་འབྱུང་གི་ཡོད་པ་མ་ཚད་ཕྱིས་སུ་དཔེ་ཆ་མེད་པའི་སྐབས་དང་ཁེལ་ན་ཡང་ལུང་དང་གོ་དོན་སོགས་འགག་འཐོག་མེད་པར་བརྗོད་ཐུབ་པ་མ་ཚད་རང་རྒྱུད་མཁྲེག་པོ་འདི་ཡང་འདུལ་བའི་ཐབས་མཆོག་གཅིག་ནི་དཔེ་ཀློག་སྐབས་མང་པོར་བཀླག་རྒྱུ་གཙོ་བོ་མི་བྱེད་པར་གང་བཀླག་པ་དེའི་དོན་བློ་ཡིས་བསམ་ཞིག་ཡང་ཡང་དགོས་པ་དེ་རེད་འདུག། དེ་མིན་དཔེ་གྲངས་མང་པོ་བཀླག་ཀྱང་དཔེ་ཆ་ཁ་རྒྱབ་པ་ནས་བརྗེད་ཚར་བ་ལྟ་བུ་སློབ་གཉེར་བ་ཉུང་ཉུང་མ་རེད་དེའི་རྒྱུ་མཚན་གྱིས་དཔེ་ཀློག་བྱེད་ཐབས་སྐོར་གྱི་བསམ་ཚུལ་ཐུང་ངུ་འདི་བརྗོད་པ་ཡིན།
ངས་རྒྱུན་ལྡན་འདི་ལྟར་བསམ་གྱི་ཡོད། དཔེ་ཆ་ལ་ཆ་རྒྱུས་དང་གོ་དོན་ཡག་པོ་ཡོད་མཁན་རྣམ་པས་དཔེ་ཆ་མང་པོ་བཀླག་གི་ཡོད་མེད་གང་ལྟར་རུང་། གང་བཀླག་པ་དེ་ཚོའི་ཚིག་གི་རྗེས་རིས་ཙམ་དང་ཡང་ན་བླ་མའི་ཁྲིད་རྒྱུན་ཙམ་ལ་ཡིད་གཏན་མི་བྱེད་པར་རང་གི་ལུས་ངག་ཡིད་གསུམ་གཅིག་ཏུ་བསྒྲིལ་ཏེ་གཞུང་གི་དགོངས་དོན་གང་ཡིན་ངེས་པ་མ་རྙེད་བར་དུ་དཔྱད་པ་ཡང་ནས་ཡང་དུ་བྱེད་དེ་དཔེར་ན་དཔེ་ཆ་བ་འགའ་ཞིག་གིས་སོང་ན་བསྡད་ན་དཔེ་ཆའི་གོ་དོན་ལ་བསམ་བློ་གཏོང་ནས་འགྲོ་གི་ཡོད་པ་བཞིན་ལྷག་པར་དུ་ནང་ཆོས་གཞུང་ལུགས་སྦྱོང་མཁན་རྣམ་པས་སྦྱོང་བྱ་གང་ཡིན་དེའི་རྩ་གཞུང་རྣམས་ངག་ཐོག་ལ་མེད་པ་ནི་ཕལ་ཆེར་ཉུང་བ་ལྟ་བུ་རེད་དེ་ཡིན་དུས་རྩ་གཞུང་ངག་ཐོག་སྐྱོར་བཞིན་གོ་དོན་རྣམས་ཡང་ཡང་བསམ་བློ་གཏོང་ནུས་ན་གཟོད་ཤག་ནང་དུ་རང་ཉིད་གཅིག་པུར་མིག་ཅེར་ཅེར་ངང་དཔེ་ཆའི་གདོང་ལ་གཏད་ནས་མ་བསླབ་ཀྱང་ཁྱོད་ལ་དགོས་པའི་ཤེས་རིག་གི་ཟེའུ་འབྲུ་སྨིན་པ་སྨོས་མེད་ལགས། གལ་སྲིད་ཁྱོད་ཀྱིས་ནམ་ཡང་ངོས་འཛིན་མི་ཐུབ་པའི་གནད་ཚིག་རེ་འདུག་ན་རང་གི་དགེ་རྒན་དང་དགེ་བའི་བཤེས་གཉེན་གང་འཕྲད་པ་རྣམས་ལ་བཀའ་འདྲི་ཞུ་ནས་ཁོང་རྣམས་ཀྱིས་གང་གསུང་དག་ཟིན་བྲིས་སུ་བཏབ་ཏེ་མཐར་བློ་ལ་བྱང་ངེས་སུ་བྱ་དགོས་པ་ནི་དོན་གྱི་དཔེ་ཆ་སྦྱོང་སྟངས་ཀྱི་གནད་དུ་མཐོང་བས་ངོས་ནས་ཀྱང་ཕོ་ལོ་བཅུ་བཞི་མ་ཟིན་ཙམ་གྱི་རིང་ལ་དཔེ་ཀློག་གི་ལམ་སྐྲིས་བརྒལ་ནས་ཡོང་བའི་ལམ་བར་གྱི་མཐོང་ཐོས་གྱུར་པའི་རིགས་སུ་རང་འདྲ་འགའ་ལ་ཕན་པ་ཅུང་ཙམ་མཆིས་ན་སྙམ་ནས་ཐད་ཀར་བྲིས་པས་ནོར་བ་འདུག་ན་བཟོད་པ་གསོལ།།