༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
ཡུམ་ཆེན།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-09] [རྩོམ་པ་པོ།:ཚུལ་ཁྲིམས་དགེ་ལེགས།] [གཟིགས་ཐེངས:]

   དེ་རིང་ཞོགས་པར། བདག་གིས་རི་སྒང་དེར་བགྲེང་སྟེ་འབྲུ་དྲུག་གི་ཞིང་ཁར་མིག་གིས་མྱུལ་བ་ཡིན། ངས་མཐོང་རྒྱུ་ནི་གསར་དུ་བུད་པའི་ལྗང་བུ་ཡི་མཛེས་པ་རྣམས་རེད་འདུག ལྗང་བུའི་ཁ་དོག་དྭངས་ཤིང་གསལ་བ་དེས་བདག་གི་མིག་སྔུན་ལ་རོལ་དབྱངས་ཐེངས་མང་དཀྲོལ་བ་ཚོར་ཞིང་། པི་ཝང་ཡང་གང་མང་བདུངས་བ་ཐོས་བྱུང་། ང་རང་གིས་ལྗང་བུའི་མཛེས་པ་རྣམ་ལ་བལྟས་ཀྱིན་ཡུམ་ཆེན་གྱིས་ཀྱང་ལྗང་བུ་འདི་དག་ནང་བཞིན་ང་ལ་རོལ་དབྱངས་དཀྲོལ་མྱོང་ཡོད་ངེས་བསམ། ངའི་ཡུམ་ཆེན་ཡང་ལྗང་བུ་འདི་དག་ནང་བཞིན་ལང་ཚོ་དར་ལ་བབས་མྱོང་ཡོད་ངེས་བསམ། ངས་དེ་ལྟར་བསམ་བཞིན་ལྗང་བུ་རྣམས་ལ་གླུ་དབྱངས་ཤིག་ཕུལ་བ་ཡིན། དེ་ལྟར། ངས་གླུ་དབྱངས་འབུལ་གྱིན་འབུལ་གྱིན་རི་རྩེ་ན་འཕྱོ་བཞིན་པའི་སྨུག་སྤྲིན་རྣམས་ཀྱིས་ལ་མོ་ཐོད་དུ་བརྒལ་ནས་བུད་སོང་། དེ་ནི་སྨུག་པས་ངའི་གླུ་དབྱངས་ཡུམ་ཆེན་གྱི་ས་རུ་ཁྱེར་འགྲོ་བ་དང་གཉིས་སུ་མི་འདུག

   ང་རང་མི་ཡུལ་འདིར་ཡོང་དུས་ཡུམ་ཆེན་གྱིས་ང་ལ་ཐལ་མོ་སྡེབ་བཞིན། དགའ་བའི་འཛུམ་གྱིས་བསུས་ཡོད་ཁོ་ཐག་རེད། ངས་དེ་ལྟར་དྲན་ཚེ་ངས་ཀྱང་ཡུམ་ཆེན་མི་ཡུལ་འདི་ནས་བྲལ་དུས་ཐལ་མོ་སྦྱར་ཏེ་དད་པས་བསྐྱེལ་རྒྱུ་བྱས།
  དེ་རིང་། ངས་ཁོད་ཡངས་པའི་ནམ་མཁའ་ལ་བལྟས་ཚེ། ནམ་མཁས་མཆི་མ་རྡོལ་བར་བྱེད། ཅི་ཞིག་དོན་དུ་མཆི་མ་རྡོལ་བ་ངས་མ་ཤེས་ཀྱང་། ནམ་མཁའི་ངོ་མདོག་ནག་ཐོམ་ཐོམ་གྱིས་མཆི་མ་རྡོལ་བར་བྱེད་ཅིང་ངའི་ཞིང་ས་དེ་མུར་བརླན་སོང་། ཞིང་ས་ཇི་ལྟར་བརླན་ཀྱང་སེམས་པ་དེ་ལྟར་སྦངས་པས་ངས་རྒྱང་རིང་གི་རི་ཆུ་ལ་ཅེར་ཏེ་སྐད་ངག་འདར་འདར་གྱིས་གླུ་དབྱངས་མུ་མཐུད་ལེན་དགོས་བྱུང་། མི་སེམས་ཀྱི་གཙང་པོ་ལ་ངང་པའི་ཁྱུ་ཚོགས་བཤར་ཏེ། གཤར་བཞིན་གཤར་བཞིན་ལུས་སེམས་ཧྲིལ་པོར་མཚོ་རླུང་ལྡང་བྱུང་། ངའི་བརྩེ་བའི་ཡུམ་ཆེན་ལགས། རི་བོ་མཐོན་པོའི་རྫ་ཆུ་འདི་ཁྱེད་ཀྱི་སྤྱན་ཆབ་ཡིན་ནམ། ཡིན་ན། ངའི་སེམས་ཀྱི་གཙང་པོ་རུ་འདྲེས་དོན་གང་ཡིན། ངས་བལྟས་ན་ཁྱེད་ནི་ནམ་ཡང་གངས་རི་དཀར་པོ་འདི་ཡིན་ངེས། རྫ་ཆུ་ལས་ཀྱང་དྭངས་པའི་གངས་རི་དཀར་པོ་འདི་ཡིན་ངེས།
  ངའི་བརྩེ་བའི་ཡུམ་ཆེན་ལགས། ཆར་པ་ཤག་ཤག་ཏུ་བབས་ན་གསུང་སྐད་ལྷང་ལྷང་དུ་དྲན་པར་བྱེད། ཆར་བའི་ཁྲོད་དུ་འཕུར་གྱིན་པའི་བྱིའུ་ཆུང་ཞིག རྒྱང་རིང་ནས་ཀྱང་འཕུར་བར་བྱེད། འཕུར་གྱིན་འཕུར་གྱིན་གཤོག་ཆུང་གི་སྤུ་འཇམ་མ་ལུས་པར་ཆར་པས་བརླན་དུ་ངེས་ཤིང་ས་ཕྱོགས་གང་སར་འགྲིམ་དུ་ངེས་ཏེ་རང་ཉིད་ཀྱི་ཨ་མ་དྲན་པར་བྱེད། ངས་དེ་དག་མཐོང་ཚེ་ང་རང་ཁེར་རྐྱང་དུ་བུད་དེ་ཞིང་ཁར་གསར་དུ་སྐྱེས་པའི་ལྗང་བུ་རྣམས་ལ་ཡང་བསྐྱར་གླུ་དབྱངས་ལེན་དགོས་བྱུང་། མགོ་བོ་ཆུ་མཐར་གཡེང་སྟེ་གླུ་དབྱངས་སྐྱོ་བོ་ཞིག་ལེན་དགོས་བྱུང་། ངའི་བརྩེ་བའི་ཡུམ་ཆེན་ལགས། ཆར་ཞོད་ཅིག་གིས་ཡོངས་སུ་བརླན་པའི་དཔྱིད་ཀྱི་རྒྱལ་ཁམས་འདི། ད་ལྟ། བདག་གི་མིག་ཆུས་བརླན་པ་ལྟར་གྱུར།
  གལ་སྲིད་ད་ལྟ། ད་ལྟ་ལྷ་ས་ལ་ཆར་བ་འབབ་བཞིན་ཡོད་ན་ཆར་ཞོད་ཆེན་པོ་འདིའི་ཁྲོད་དུ་པོ་ཏ་ལའང་ཁེར་རྐྱང་དུ་བགྲེང་ཡོད་ངེས། ལོ་རྒྱུས་ཀྱི་བདེན་པ་འོད་དུ་འཚེར་བཞིན། ཡང་ན་ལོ་རྒྱུས་ཀྱི་བདེན་པ་ཆར་པས་བརླན་བཞིན། ངས་སྒེའུ་ཁུང་འདི་ནས་བལྟས་ན་པོ་ཏ་ལ་མཐོང་མི་སྲིད་ཀྱང་། ཆར་ཞོད་ཆེན་པོའི་ཁྲོད་ཀྱི་རྒྱང་རིང་གི་པོ་ཏ་ལ་ནི་ཅི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཏུ་རེད་ཨང་། པོ་ཏ་ལ། པོ་ཏ་ལ་ཉིད་བདག་གི་སྒེའུ་ཁུང་མདུན་དུ་བགྲེང་མེད་པས། ད་ལྟ་ངས་པོ་ཏ་ལ་ཡི་གཟི་བརྗིད་མཐོང་མི་ཐུབ། ཡིན་ནའང་ངས་ཡུམ་ཆེན་གྱི་སེམས་ཁོང་ལ་བཞུགས་པའི་པོ་ཏ་ལ་དེ་གསལ་པོར་མཐོང་གིན་འདུག ནག་ནོག་དང་སྒྲིབ་གཡོག་མེད་པར། ཕྱི་ནང་དང་མདུན་རྒྱབ་མེད་པར། ངས་ད་ལྟ་ཡུམ་ཆེན་གྱི་སེམས་ཁོང་ལ་བཞུགས་པའི་པོ་ཏ་ལ་གསལ་པོར་མཐོང་གིན་འདུག འཇའ་གུར་ཕུབ་པའི། ཉི་འོད་འཚེར་བའི། སྐར་མ་བཀྲ་བའི། ཟླ་བ་ཚེས་པའི། གཙང་པོ་འབབ་བའི། གངས་རི་ཆགས་པའི། ཡུམ་ཆེན་གྱི་སེམས་ཁོང་ལ་བཞུགས་པའི་ཚོན་མདོག་རབ་ཏུ་འབར་བའི་པོ་ཏ་ལ་དེ། ད་ལྟ་ངས་གསལ་པོར་མཇལ་གྱིན་འདུག རྒྱུ་རྐྱེན་དེ་ཡིས་ངའི་སེམས་པ་ལྷོད་ལ་བབས་པར་བྱུང་།
   ཡུམ་ཆེན། དེ་རིང་ཁྱེད་དང་ཁྱེད་འདྲ་བའི་བརྩེ་བའི་སྐྱེད་མ་རྣམས་ཀྱི་དུས་ཆེན་རེད་ཟེར། བདེན་ན། ང་རང་རི་མཐོན་པོའི་རྩེ་ལ་འཛེགས་ཏེ་དབྱར་དགུན་སྟོན་དཔྱིད་དང་། ཁངས་སེར་བུ་ཡུག ཉི་འོད་ཆར་རླུང་གང་གིས་ཀྱང་འཇིག་པར་མི་ནུས་པའི་རྟག་བརྟན་གྱི་དར་ལྕོག་ཅིག་གཟུག་ངེས་ཡིན། དར་ལྕོག་ཉིད་རྒྱུན་པར་ལྷབ་ལྷུབ་ཏུ་གཡོ་ཞིང་གཡོ་བའི་ངོས་ལ་གཞན་གང་ཡང་མི་འབྲི་བར་ངས་བརྩེ་སེམས་ཀྱི་བདེན་པ་འབྲི་ངེས། ཡུམ་ཆེན་གྱི་དཀའ་ཚེགས་འབྲི་ངེས། ལྷག་བསམ་གྱི་གཙང་པོ་འབྲི་ངེས། བྱམས་བརྩེ་ཡི་ཉི་འོད་འབྲི་ངེས། ཞལ་རིས་ཀྱི་གངས་དཀར་འབྲི་ངེས། ཡུམ་ཆེན། ཐུགས་སེམས་ལྷོད་ཅིག ཁྱེད་གངས་ལྗོངས་ཀྱི་པང་དུ་ཡོད་པས་ཐུགས་སེམས་ལྷོད་དགོས། འབྲི་མོ་དང་བེའུ་ཆུང་། སྦྲ་ནག་གི་ཁྱིམ་དུ་ཡོད་པས་ཅིས་ནས་ཀྱང་ཐུགས་སེམས་ལྷོད་དགོས།

༢༠༡༦/༥/༨/ཉིན།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།