༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དུར་སྲིའི་ཐན་སྐད། ལེའུ་གཉིས་པ།
[ཟླ་ཚེས།:2017-04-26] [གཟིགས་ཐེངས:]

དུར་སྲིའི་ཐན་སྐད། ལེའུ་གཉིས་པ།

 [རྩོམ་པ་པོ། རིག་པའི་ཁུ་བྱུག] ]

གཏི་ཐུག་ཞིག་གི་ལས་ཕྱོགས་རེ་རེ་དང་།།
རྣམ་དཔྱོད་ཅན་གྱི་དཔྱོད་ཕྱོགས་རེ་རེ་གཉིས།།
དངོས་པོའི་གཤིས་ལ་ཕྱི་མ་གཙོ་གྱུར་ཀྱང་།།
འཇིག་རྟེན་འདི་ན་སྔ་མ་ཤུགས་ཀྱིས་གཙོ།།
 
འཛམ་གླིང་ཚན་རྩལ་གློག་གི་འོད་རླབས་ཀྱིས།།
གླིང་ཆེན་ཡོད་ཚད་གཅིག་ཏུ་སྦམ་པ་དང་།།
ཁྱིམ་ཚང་གཅིག་བཞིན་སྐྱིད་སྡུག་མཉམ་མྱོང་གི།
དུས་འདིར་ངོ་མཚར་ཡ་མཚན་ཤིན་ཏུ་ཆེ།།
 
ཆེ་བ་ཕྱུག་བདག་བླ་དཔོན་མན་ཆོད་ནས།།
ཆུང་བ་ལོང་སྤྲང་ཆུང་ཆུང་བྱི་སྦ་ཡན།།
བདེན་རྫུན་གང་ཡིན་མིག་གིས་བལྟ་བ་དང་།།
ཉན་ཅིང་བཤད་པའི་དུས་ཚོད་འདི་ནི་མཚར།།
 
འོན་ཀྱང་ཇི་ཙམ་འཕྲུལ་རྩལ་ཆེ་བ་དང་།།
ཇི་ལྟར་གློག་ཆས་མང་བཞིན་དེ་ཙམ་གྱིས།།
འཁོལ་ཡུག་འདི་ལ་དེ་ཙམ་གནོད་སྐྱོན་གྱིས།།
ཉིན་རེ་བཞིན་དུ་འཛམ་གླིང་འཇིག་ལ་ལྟོས།།
 
ནང་གི་གཏེར་རྫས་རིན་ཆེན་ས་ཡི་སྙིང་།།
ཡར་ཆབ་ཆུ་བོ་རིན་ཆེན་ས་ཡི་ཁྲག།
རྩི་ཤིང་རྩ་བ་ས་ཡི་རྩ་བརྒྱུས་ཏེ།།
འདི་དག་འཛམ་གླིང་འདི་ཡི་ཚེ་སྲོག་ཡིན།།
 
མཁའ་རླུང་གཙང་མ་ས་ཆེན་འདི་ཡི་དབུགས།།
མཐིང་སྔོན་ནམ་མཁའ་འཛམ་གླིང་འདི་ཡི་སེམས།།
ཉི་ཟླ་གཟའ་སྐར་འཛམ་གླིང་འདི་ཡི་མིག།
འདི་དག་འཛམ་གླིང་འདི་ཡི་ཡོད་ཚད་ཡིན།།
 
རི་མགོའི་ནགས་ཚལ་རིན་ཆེན་ས་ཡི་སྐྲ།།
བྲག་རི་དཀར་དམར་རིན་ཆེན་ས་ཡི་རུས།།
རྩི་ཤིང་མེ་ཏོག་རིན་ཆེན་ས་ཡི་གོས།།
འདི་ཚོ་རིན་ཆེན་ས་ཡི་རྒྱན་ཆ་ཡིན།།
 
གངས་རི་དཀར་པོ་ས་ཡི་ལ་ཐོད་ཡིན།།
རྫ་རི་དཀར་དམར་ས་ཡི་སྐེ་རྒྱན་དང་།།
ནགས་ཀླུང་ཕྱུག་མོ་ས་ཡི་ལྭ་བ་སྟེ།།
འདི་མེད་ས་ཆེན་གཅེར་བུར་ལུས་དང་མཚུངས།།
 
ཤིང་ཏོག་སྣ་ཚོགས་རིན་ཆེན་ས་ཡི་ཟས།།
དབྱར་གྱི་ཆར་ཆུ་རིན་ཆེན་ས་ཡི་སྐོམ།།
ས་ཆེན་འདི་ན་འདི་དག་མེད་གྱུར་ན།།
འཛམ་གླིང་འདི་ནི་འཇིག་ཅིང་འཐོར་བར་འགྱུར།།
 
ལྷ་ཀླུ་གཉན་གཏོད་རིན་ཆེན་ས་ཡི་བདག།
གནམ་འཕུར་ས་འཛུལ་རིན་ཆེན་ས་ཡི་ནོར།།
གདུག་ཅན་བྱ་གཅན་ས་བདག་གདུག་པའི་ནོར།།
འདི་དག་མེད་ན་འཛམ་གླིང་འཇིག་ཅིང་སྟོངས།།
 
ས་ཐོག་འདི་ནར་མི་བུར་འཚོ་འདོད་ན།།
ཕྱི་ནང་ཁོར་ཡུག་ཀུན་ལ་ཁ་དགེ་དགོས།།
ཞིང་ཁམས་ཀུན་ལ་བཀྲ་ཤིས་བདེ་ལེགས་དགོས།།
དེ་མེད་མི་བུ་ས་སྟེང་འཚོ་མི་ཐུབ།།
 
མི་ལ་འཇིག་རྟེན་ཕུན་ཚོགས་འདོད་ཡོན་དགོས།།
འདོད་ཡོན་ཀུན་ལ་འདོད་ཆུང་ཆོག་ཤེས་དགོས།།
དེ་མེད་མི་ནི་ཡི་དྭགས་གསོན་པོ་སྟེ།།
ནམ་ཡང་འདོད་པའི་སེམས་ནི་གང་དུས་མེད།།
 
དེང་དུས་འཛམ་གླིང་ས་ཡི་སྒལ་གཞུང་ན།།
མི་ཚུགས་ཅན་གྱི་བདུད་སྲིན་གདོན་འདྲེ་འགས།།
སྟོང་ཁམས་མ་ལུས་སྐད་ཅིག་བརླག་ནུས་པའི།།
རྫས་སྦྱོར་མཁན་ནི་སྟོང་ཁམས་སྲོག་བདག་ཡིན།།
 
དེ་བཞིན་རིན་ཆེན་ས་ནས་གཏེར་རྫས་དང་།།
དྭངས་གཙང་མཁའ་རླུང་རྩོག་པར་སྒྱུར་མཁན་དང་།།
གཙང་ཆུ་སྔོན་མོ་དུག་གིས་བསླད་མཁན་ནི།།
གཟུགས་ཅན་སྐྱེ་འགྲོ་ཀུན་གྱི་སྲོག་བདག་ཡིན།།
 
རྫས་ངན་སྦྱོར་བས་ན་ཚ་བཟོ་མཁན་དང་།།
འཆལ་སྤྱོད་ངན་པས་ན་ཚ་བཟོ་མཁན་དང་།།
རྫས་དུག་ཟས་ངན་ཁ་རུ་ཟ་མཁན་སོགས།།
རང་གཞན་ཕུང་བརླག་བྱེད་མཁན་བྱེད་གཏེ་ཡིན།།
 
འདི་ནི་མ་རུང་བདུད་ཀྱི་ལག་ཆ་སྟེ།།
འགའ་རེ་སྟོང་ཁམས་དངོས་སུ་ཕུང་བྱེད་དང་།།
འགའ་རེ་སྟོང་ཁམས་ལྐོག་ནས་ཕུང་བྱེད་དེ།།
མདོར་ན་རང་གཞན་ཕུང་བའི་ལག་ཆ་དངོས།།
 
མི་དང་དུད་འགྲོའི་ཁྱད་པར་ཅིས་འབྱེད་ན།།
ཉན་ཤེས་དོན་ཤེས་བཤད་ཤེས་ཡིན་མིན་འབྱེད།།
འོན་ཀྱང་དེང་དུས་མི་བུ་ཆེ་ཕྲ་གང་།།
གཏད་ར་གཏུག་སོ་མེད་པ་རླུང་དང་འདྲ།།
 
ཤེས་ཅན་བརྒྱ་ཡི་ཁ་ད་རླུང་དུ་གྱུར།།
ཤེས་བཞིན་ལེགས་ཉེས་བླང་དོར་མི་འཛེམས་པ།།
ཤེས་མེད་སྟོང་ལས་ཉེས་ཚབ་ཆེ་བ་འདི།།
སྐྱེ་དགུ་སྡུག་ལ་སྦྱོར་བའི་སྔ་ལྟས་རེད།།
 
དགའ་ཞིང་དགེ་བ་མི་ཡིས་བཟོས་པ་ཡིན།།
སྡུག་ཅིང་རྒུད་པ་མི་ཡིས་བཟོས་པ་ཡིན།།
མི་ཡི་ཡུལ་ན་བདེ་སྡུག་འཕྲོད་མིན་ཕར།།
ཐམས་ཅད་མི་ཡིས་བཟོས་པས་མནག་པ་ཆེ།།
 
ལྷག་པར་དེང་དུས་འཛམ་གླིང་ཡུལ་གྲུ་ན།།
བཙན་པོ་བཙན་ཚོད་མེད་པའི་བཙན་རྒོད་དང་།།
ཕྱུག་པོ་ཕྱུག་ཚོད་མེད་པའི་ཕྱུག་རྒོད་ཀྱིས།།
ས་ཆེན་གོ་ལ་ཡོམ་ཡོམ་འདར་ཞིང་བསྔངས།།
 
ལ་ལས་འདོད་འདྲེ་བཞིན་དུ་ནོར་ལ་རྔམས།།
ལ་ལས་ཆགས་སྲི་བཞིན་དུ་གཡེམ་ལ་རྔམ།།
སེམས་ལ་དགོས་དགུའི་ཚོར་བས་མེ་འབར་བས།།
མེ་ཕུང་དམར་པོ་ཁ་ནས་འབར་ཉེན་གདའ།།
 
ཉིན་མོ་དངོས་སུ་ཐུག་པས་མི་ངོམ་པས།།
མཚན་མོ་སེམས་ལ་དྲན་པས་མི་ངོམ་པ།།
ད་དུང་གཟུགས་བརྙན་ཡན་ཆོད་བལྟས་ན་ཡང་།།
ངོམ་དུས་མེད་པ་རྔོ་ཅན་ནད་བྲད་འདྲ།།
 
ཆགས་སྡང་འཁྲུག་པའི་ཉེར་སྤྱོད་སྦྱོར་བའི་ཚེ།།
གནམ་ལ་རྫས་ངན་དུ་བས་མཁའ་རླུང་བསླད།།
བར་ན་སྲོག་ཆགས་སྐྱེ་འགྲོའི་དབུགས་ལམ་བཀགས།།
ས་ལ་རྫས་ངན་སྤྱད་པས་ཚེ་སྲོག་འཕྲོག།
 
འཁོར་ཡུག་གཏོར་བཤིག་བྱས་པའི་ལག་རྗེས་སུ།།
ས་མཐོའི་གངས་རི་ཁྲ་བོ་གཟི་འདྲ་འདྲ།།
ཡར་ཆབ་གཙང་ཆུ་དུག་གིས་བསླད་རྗེས་སུ།།
གཡས་ཟུར་གཡོན་ཟུར་གྲམ་པ་སྐྱ་སྒག་སྒག།
 
རི་མགོའི་ནགས་ཚལ་བྲེག་པའི་ལག་རྗེས་སུ།།
ཆར་དུས་རི་ལུང་ཕར་ཆེར་གད་ཉིལ་ཉིལ།།
རིན་ཆེན་གཏེར་ཁ་ཁོག་ནས་བྲུས་རྗེས་སུ།།
ས་བཅུད་ཡུལ་བཅུད་ཉམས་ཏེ་ཐལ་ཚུབ་ཚུབ།།
 
དེ་ལྟའི་མ་རུང་ལས་ལ་སྦྱོར་བའི་འབྲས།།
དབྱར་དུས་རྩི་ཤིང་མེ་ཏོག་ཤིན་ཏུ་ཉུང་།།
ཐོག་སེར་གཤའ་རྦུད་བཙའ་སད་ཤིན་ཏུ་རྒོད།།
ཆར་ཆུ་དུས་མིན་འབེབས་ཤིང་རི་ལུང་འཁྱེར།།
 
སྟོན་དུས་ལོ་ཐོག་སྨིན་ཚད་ཤིན་ཏུ་ཉུང་།།
དེའི་རྐྱེན་རྒྱལ་ཁམས་ཀུན་ལ་མུག་ཡམས་འཕྱུར།།
དགུན་དུས་གྲང་ངར་སྦུབས་སུ་འཁེངས་གྲབས་ཀྱིས།།
སྐྱེ་དགུ་ཡོད་ཚད་དཀའ་བའི་འཕྲང་ལ་སྦྱར།།
 
འདི་དག་འབྱུང་བའི་གནད་ཀྱི་འགག་མདོ་ནི།།
སེམས་ལ་འདོད་ཆུང་ཆོག་ཤེས་མེད་པས་ལན།།
ཁོར་ཡུག་ཀུན་ལ་གཏོར་བཤིག་བྱས་པས་ལན།།
སྣོད་བཅུད་ཀུན་ལ་ཉམས་ཆག་གཏོང་བས་ལན།།
 
ཡ་ཐོག་བོད་མི་བླུན་རྒན་མ་ཟེར་དང་།།
དེང་རབས་བོད་པ་རྗེས་ལུས་མ་ཟེར་དང་།།
སེམས་དང་འདུ་ཤེས་རོ་གཅིག་འདྲེས་པ་ཡིས།།
ཆོས་འདི་འཛམ་གླིང་སྤྱི་ལ་མཁོ་བའི་ནོར།།
 
གནའ་མི་རྒན་པོའི་ངག་ནས་འདི་སྐད་དུ།།
གནམ་ལ་རྫས་ངན་བདུག་ན་གནམ་ལྷ་ཡལ།།
རི་མཐོར་ཀི་བསྭོ་སྒྲོག་ན་ཡུལ་ས་འགྲས།།
ཆུ་ལ་རྩོག་པར་བླུག་ན་ཀླུ་ནད་འབྱུང་།།
 
ཕག་གསུར་གཞོབ་དུད་བྱས་ན་ལྷ་ཀླུ་འཁྲུག།
ཁྱིམ་ལ་ཤེལ་འོད་བརྒྱབ་ན་ཁྱིམ་ལྷ་ཡལ།།
རི་གཉན་ཤི་གཉན་ཆུ་གཉན་གཏོར་མཁན་ཤི།།
ཟེར་བའི་གཏམ་རྣམས་འཁོར་ཡུག་བསྲུང་བའི་རྒྱུ།།
 
དོན་མེད་སེམས་ཅན་མ་གསོད་སྡིག་པ་ཡོད།།
བསད་ན་ཕྱི་མར་སྲོག་ལན་འཇལ་དགོས་ཟེར།།
དོན་མེད་རྐུ་རྫུན་མ་བྱེད་ལེ་ལན་ཡོད།།
ཕྱི་མར་དབུལ་ཞིང་ལྕེ་སྟེང་ཞིང་རྨོར་སྐྱེ།།
 
ས་འགུལ་བྱུང་ན་རྣམ་རྒྱལ་གསེར་འོད་འདོན།།
ས་བདག་འཁྲུག་ན་སྡེ་བཞིའི་མཆོད་བཤགས་འདོན།།
ཡུལ་ལྷ་འཁྲུག་ན་བསང་དང་གཏོར་མས་བཅོས།།
ཁྱིམ་ཐབ་མནོལ་ན་ཐབ་བསང་དཀར་མོས་བསང་།།
 
དབྱར་དུས་ལྷ་ཀླུ་དགྱེས་པའི་མཆོད་པ་དང་།།
སྟོན་དུས་ནོར་ལྷ་དགྱེས་པའི་མཆོད་པ་དང་།།
དགུན་དུས་བར་ཆད་སེལ་ཐབས་རིམ་གྲོ་དང་།།
དཔྱིད་དུས་ཆུ་གཏོར་ཆད་མེད་གཏོང་སྲོལ་ཡོད།།
 
མདོར་ན་ཡར་མཆོད་ལྷ་ལ་མཆོད་པ་ཕུལ།།
མར་མཆོད་རིགས་དྲུག་ཀུན་ལ་སྦྱིན་པ་གཏོང་།།
དེ་ལྟར་སྲོལ་བཟང་རྒྱུན་མཐུད་བྱེད་པའི་འབྲས།།
ཕྱི་ནང་ཁོར་ཡུག་ཀུན་ཀ་བདེ་ཞིང་སྐྱིད།།
 
དེས་ན་གཟུགས་མེད་ལྷ་འདྲེ་ཀུན་ཀ་མཐོང་།།
ལྷ་ཀླུ་གཉན་གསུམ་ཀུན་ལ་འབྲེལ་ལམ་བཙུགས།།
གང་གིས་འགལ་ན་སྐད་ཅིག་ཉིད་ལ་བསྡུམ།།
བཤགས་སར་བཤགས་ཤིང་མཆོད་སར་མཆོད་པ་ཕུལ།།
 
དེས་ན་སྟོབས་དང་ནུས་པ་ཤིན་ཏུ་ཆེ།།
ཡར་འགྲོ་མཁའ་སྤྱོད་དག་པའི་ཞིང་དུ་འགྲོ།།
མར་འགྲོ་ངན་སོང་དམྱལ་བའི་གནས་སུ་འགྲོ།།
གར་འགྲོ་རང་དབང་རང་ལ་ཁྲེགས་སེ་ཡོད།།
 
ད་ནི་དེ་ལྟར་འོངས་རྒྱུ་ཕར་ཟད་དེ།།
རང་གིས་རང་ཉིད་གང་ཡིན་མི་ཤེས་པའི།།
དུས་འདི་ང་ཡིས་བལྟས་ན་སྐྱུག་བྲོའི་གནས།།
སུ་ལ་བལྟས་ན་ཡིད་ཐང་ཆད་སའི་གནས།།
 
ད་ནི་མང་པོ་མི་འབྲི་འབྲི་མཚམས་བཞག།
གཏམ་ངན་གཅིག་གིས་ལུང་པ་དཀྲུག་དྭོགས་ཡོད།།
ཟས་ངན་གཅིག་གིས་ཁོག་པ་དཀྲུག་དྭོགས་ཡོད།།
ཐམས་ཅད་ཕྱམ་མེར་བཞག་ན་སྐྱིད་པར་སེམས།།
 
དུར་སྲིའི་ཐན་སྐད་ལས།  ཕྱི་ནང་ཁོར་ཡུག་ཀྱི་གནས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།