ཉེར་གཅིག་པའི་གླིང་ཁར།
[རྩོམ་པ་པོ། ཁྱུང་བསོད་བློ་ནས།]
ཀ་དག་ཀུན་བཟང་དགོངས་པའི་ཉིང་བཅུད་ནོར་བུ།།
ཀུན་དགའ་ར་བའི་གསེབ་ཏུ་བཤམས་བཀོད་མཛེས་ཀྱང་།།
རྡོ་ཆག་ལྷུ་སྒྲིག་གཏམ་ལ་ཡིད་གཏད་ཆེ་བའི།།
བསོད་ཟད་ལྟ་ལོག་རྟོགས་སད་དེང་ཆར་མང་སོང་།།
ལྡེབ་ལོག་ཐབ་དྲེགས་ཆཊ་པའི་ཕ་ཁྱིམ་སྨུག་པོ།།
ཕྲ་མོའི་རྐང་ལམ་མ་མཐོང་སྨག་ཁང་བལྟས་ཏེ།།
སྒྱུ་མ་ཟློས་གར་མཁན་པོའི་ཨར་ཁང་མང་བས།།
ཁྱིམ་ཀ་བཞི་མ་དེ་ཨ་གསར་ཡོལ་ཉེན།།
བཅུད་ལྡན་རང་བྱུང་ཟས་ཀྱི་དྲི་མ་མ་དྲོ།།
རྒྱ་ཁོག་ནད་ཀྱི་སྡོང་པོ་གོང་ཆེན་བརྩི་བའི།།
རྒྱ་གྲོང་འགྱིག་ཤ་ཟ་བའི་ཀླད་མེད་བུ་དེ།།
ཉེར་གཅིག་གླིང་ཁའི་མདོ་རུ་འཚང་ཀ་ཤིག་ཤིག།
ཕྲག་དོག་གདོན་གྱི་བཟི་བའི་གྲོང་ནག་རྒད་པོ།།
ཟོ་ཆུ་འཁོར་བའི་རྒྱུན་ལ་སུན་སྣང་མེད་སྟེ།།
སོ་ནམ་བརྔ་བསྡུ་ལས་ལ་བྲེལ་བྲེལ་ཚུབ་པས།།
འགངས་ཆེན་མི་ཚེའི་གསེར་ཕུང་རླུང་ལ་བསྐུར་བཞག།
ཨ་ཕའི་སྐྱ་རེང་ལྷན་གྱི་ཞལ་འདོན་བསང་གསོལ།།
ཨ་མའི་དགུ་ཐུག་དྲོན་མོའི་འབྲུ་དྲུག་མ་ཏྲི།།
བརྙན་འཕྲིན་ལང་ཚོ་རྒྱས་པའི་དུས་ཚིག་འདི་ལ།།
ཉེར་གཅིག་ཨ་མྱེ་རྒད་པོས་དགོངས་དག་ཞུས་སོང་།།
དབུ་རྩེའི་དབུ་ལོ་མཐོ་བའི་རྫ་རི་དཀར་པོ།།
གཡུ་ཤུག་དྲི་བསང་འཐུལ་བའི་སྤང་རི་སྔོན་མོ།།
ཉེར་གཅིག་གྲིབ་སོ་ནག་པོའི་དུས་མཚམས་འདི་ལ།།
སྲོག་མེད་བྱ་མཆུ་ནག་པོས་སྟེང་སློག་དགུ་དཀྲུག།
ཡར་ཀའི་སྐུ་གསུང་རྟེན་ལ་བཙོག་ཏུ་བལྟ་ལ།།
མར་ཀའི་སྣང་བ་དཀར་དམར་བཙིགས་སུ་ཆེ་སྟེ།།
ཁྲེལ་མེད་ཟློས་གར་གླིང་ལ་ཕེབས་དགའ་ཆེ་བའི།།
ལས་འབྲས་ལྟག་རྒྱབ་གཡུགས་པའི་མི་བུ་མང་དྲགས།།
༢༠༡༤-༨-༡༦-ཉིན་ཁྱུང་བསོད་བློ་ནས།