༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྒྱུན་ཤེས། > 2 འཚོ་བའི་རྒྱུན་ཤེས།
2 འཚོ་བའི་རྒྱུན་ཤེས།
ནང་བསྟན་དང་། འདོད་ཆགས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-07] [རྩོམ་པ་པོ།:ཁྱུང་བཙུན་གངས་ལྷ་དཀར་པོ།] [གཟིགས་ཐེངས:]

     ༡༽  ནང་བསྟན་ནི་འགྲོ་བ་སྤྱི་ལ་ཐུན་མོང་དུ་དབང་བའི་ནོར་བུ་རིན་པོ་ཆེ་ངོ་མ་དེ་ཡིན་པས།   འདོད་ཆགས་དང་སྦྱར་ནས་བཀོལ་སྤྱོད་ཀྱི་ལག་ཆ་བྱེད་མི་རུང་། འདོད་ཆགས་ནི་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་ཚེར་ཕུང་འདྲ་མོ་དེ་ཡིན་པས།  དེའི་ཁ་ཕྱོགས་བསྟན་དོན་དུ་བསྒྱུར་མི་རུང་།    མདོར་ན། དངོས་པོ་འདི་གཉིས་མཉམ་བསྲེ་བྱེད་པའི་ལམ་ལུགས་དེ་ཉིད་ངེས་པར་དུ་འདོར་དགོས་པ་སེམས་ལ་ཟུངས་ཤིག 


     ༢༽  མིང་སྙན་གྲགས་དང་ཐོབ་གོ་ས་ཁོ་ནར་བརླམས་ནས་གསེར་ཁྲི་གང་ཞིག་ལ་ཤི་འཐམ་རོ་འཐམ་མ་བྱེད་རོགས། འཛམ་གླིང་འདི་གུ་ཡངས་པོ་ཡིན་པ་སེམས་ལ་ཟུངས་ཤིག  དེ་མིན་ན། "གསང་དང་མ་གསང་མི་འདུག།  ཞབས་རྗེས་གངས་ལ་བཞག་འདུག།" ཅེས་པའི་བསྡོམས་ཚིག་འདི་ཡི་བརྗོད་བྱ་དང་ངོ་བོ་གཉིས་མེད་དུ་འགྱུར་བའི་ཉེན་ཁ་ཆེ། 


     ༣༽  བུད་མེད་ཅིག་གིས་གཡོ་འཕྲུལ་ལ་དབུ་འཁོར་ནས་དོན་མེད་ས་འཁྱམ་རྡོ་འཁྱམ་བྱེད་རྒྱུ་དེ་འཚམས་འཇོག་རོགས།  ཁྱེད་ནི་ཀུན་རྫོབ་བདེན་པའི་དབང་དུ་བྱས་ན། མུ་སྟེགས་པའི་བདག་དང་འདྲ་བའི་ཁྱད་ཆོས་དུ་མ་ཞིག་བརྩི་རྒྱུ་འདུག་པས། བསྟན་པ་སྤྱི་ལ་གནོད་ཚབ་ཆེ།  ད་དུང་། ཤི་གསོན་མང་པོས་རྣམ་ཤེས་ཀྱི་ཁ་ཕྱོགས་ཁྱེད་ལ་གཏད་འདུག་གོ།། 


     ༤༽  རང་གི་ཁོར་ཡུག་གཅིག་པུར་མ་གཏོགས་བཀྲ་ཤིས་ལོ་ལེགས་མི་ཡོང་བར་ཤོག་བསམ་པའི་སྒེར་སེམས་དེ་ཉིད་འདོར་ཨེ་ཐུབ་བལྟ་རོགས། དེ་མིན། ཁྱོད་ཅག་ནི།  གུ་ཡངས་ཀྱི་སྤྱི་ཚོགས་སུ་གོམ་པ་གཏན་ནས་སྤོ་མི་ཤེས་པའི་མི་དཀྱུས་ཨ་ལོ་རྒྱུ་ལོ་རུ་འགྱུར་འགྲོ་བའི་གནས་ཚད་བརྒྱ་ཆ་བརྒྱ་ཐམ་པར་སླེབས་ཚར་འདུག 


     ༥༽  འགྲུབ་ཡོང་རྒྱུ་དང་བསྟན་ཡོང་རྒྱུ་ཅི་ཡང་མེད་པར་དོན་མེད་ཀྱི་ཚིག་གོག་ཅིག་གིས་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་སྤྱི་རང་བཞིན། བསྟན་དོན་དང་བསྟན་དོན་ཞེས་པ་དེ་ཚོ་ད་ནས་བཟུང་ལབ་མཚམས་འཇོག་རོགས།  ཁྱོད་ཅག་ནི། ཚིག་སྐམ་ཐོད་ལ་ཕྱར་བའི་ཡ་ལ་ཁ་བདར་གྱི་དཔུང་སྡེ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། 


     ༦༽  ཡར་བོད་ཡུལ་དུ་ཡོང་ན་སྤྱི་དོན་དང་མར་རྒྱ་ཡུལ་དུ་སོང་ན་ཡང་སྤྱི་དོན། མདོར་ན་སོང་ཚད་བསྡད་ཚད་ཚང་མ་སྤྱི་དོན་ཁོ་ན་ཡིན་པར་ཁྲོམ་བསྒྲགས་བྱེད། དོན་དུ་རང་དང་འབྲེལ་བའི་རྣམ་ཐར་ཁྱབ་སྤེལ་གཏོང་བཞིན་ཐམས་ཅད་དབང་བསྒྱུར་བྱེད་འདོད་ཀྱི་རློམ་སེམས་མ་འཆང་རོགས།  འདི་ནི་རྟག་ཏུ་ཞལ་ཁ་མར་བསྒྱུར་བའི་བླ་མ་ཞིག་གི་མཛད་འཕྲིན་མ་ཡིན་པས་སོ།།


     ༧༽  ངེས་འབྱུང་གི་སེམས་པ་མ་བོར་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་ཆེད་དུ་སྡོམ་པ་ཡང་དག་པར་སྲུང་དགོས་པ་འདུལ་གཞུང་གི་དགོངས་དོན་ཡིན་པས།  རྩ་བ་སྔར་ནས་རུལ་ཚར་ཡང་མིང་དང་མི་ཁ་གཅིག་པུའི་དོན་དུ་སྡུག་རོ་གྲྭ་ཆས་ཀྱིས་མ་གཡོག་རོགས།  དེ་ནི་བསྟན་པའི་དགྲ་བོ་ཡིན་པ་ཤེས་པར་གྱིས།  དེ་ལས་མི་སྐྱའི་སྤྱི་ཚོགས་སུ་རྒྱུག་དང་། གཙང་མ་གཙང་རྐྱང་རེད། 


     ༨༽  ལྷག་བསམ་དང་གཞན་ཕན་གྱི་རྒྱུ་དག་མེད་ལ། སློབ་གཉེར་གྱི་བྱ་བར་འཇུག་འདོད་པའི་འདུན་པ་རྩ་སྐམ་དུ་སོང་བའི་མྱི་འདི་ཚོས་སྤྱི་པའི་ཚབ་མཚོན་དུས་ནམ་ཡང་བྱེད་མི་ཐུབ་པས།   བསྟན་པ་དང་འགྲོ་བ། མི་རིགས་སོགས་སྤྱི་ལ་དབང་བའི་ས་མིག་ཅིག་ཡོད་ན་དོན་མེད་མི་རོ་ས་བཟུང་མི་བྱེད་པར་ཤེས་འཇོན་ལྷག་བསམ་མངའ་བའི་མི་ཞིག་ཁྱེད་ཀྱི་ཚབ་ཏུ་མངགས་པ་ཡིན་ན་དེ་ཡང་ཁྱེད་ཀྱི་གཟི་བརྗིད་ཡིན་པར་གྱིས་ཤིག     ང་ཚོའི་ཁོར་ཡུག་ན་མི་ཡོད།  ཤེས་ཡོན་པ་ཡོད།  ཡིན་ན་ཡང་། ཤེས་ཡོན་པ་ལ་བརྩི་མཐོང་མེད། དབང་ཆ་མེད།  རིན་ཐང་མེད། 


     ༩༽  ཐམས་ཅད་མི་རྟག་པ་ཡིན་པས་རྒྱུ་ནོར་ལ་སྙིང་པོ་མེད་དོ།།ཐམས་ཅད་སྟོང་གཟུགས་འབའ་ཞིག་ཡིན་པས། སྣང་བ་ཞེན་ཆགས་མེད་དོ།། ང་ནི་ང་མེད་ཀྱི་ངང་དུ་གནས་སྟེ།  མཐོང་ཚད་བདེར་གཤེགས་ཀྱི་སྐུ་ཡིན་ནོ།། ཐོས་ཚད་བདེར་གཤེགས་ཀྱི་གསུང་ཡིན་ནོ།། དྲན་རྟོག་གི་འགྱུར་བ་ཡོད་ཚད། བདེར་གཤེགས་ཀྱི་ཐུགས་ཡིན་ནོ།།  བཤད་ཚད་ཚང་མ་སྙན་རྒྱུད་རྐྱང་རྐྱང་ཡིན་པའི་སྐད་ཆ་རྫིག་པོ་ཞིག་དུས་རྣམ་ཀུན་ཏུ་དཔྱོད་ཤེས་ཀྱི་བློ་མིག་ཞར་བའི་མི་དམངས་ལ་གཡམ་རྒྱ་འཐེན།   དོན་དུ། ས་སྔོན་གནས་སྔོན་གྱི་དུས་ཚིགས་གསར་དུ་ཚེས་པ་དང་།  ཕྱི་བ་དང་མཉམ་དུ་མལ་ནས་ལྡང་སྟེ། མདོ་སྟོད་སྨད་བར་གསུམ་དུ་འབུ་ལྡོམ་འབུ་ལྡོམ་ཟེར་ནས། ས་རྒྱུག་གནམ་རྒྱུག་བྱེད་ཡོང་དུས། ཁྱེད་ནི། ནོར་ལ་ཧ་ཅང་ཆགས་པའི་སྲེད་ལྡན་གྱི་གང་ཟག་ཐ་མལ་པ་ཞིག་ཡིན་པར་ལྷང་ལ་བུད་འདུག་གོ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།