༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
དབྲ་སྲས་ཟླ་བ་གྲགས་པ་རྗེས་སུ་དྲན་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-07] [རྩོམ་པ་པོ།:ཁྱུང་ཁྲི་ལྡེ།] [གཟིགས་ཐེངས:]

QQ图片20170607185207.jpg

ཐེག་དགུའི་གྲུབ་མཐའ་གངས་རིའི་རྩེ་མོ་ནས།།

བླ་མེད་ལྟ་བའི་གཡུ་རལ་འབུམ་ངོམས་ཏེ།།

ལྟ་ངན་ཝ་མོའི་ཚོགས་རྣམས་སྐྲག་བྱེད་པོ།།

དབྲ་སྲས་ཟླ་བ་གྲགས་པ་སྙིང་དབུས་རོལ།།


གྲུབ་པའི་ཁྱུ་མཆོག་སྟོང་གི་གཙུག་རྒྱན་ཏེ།།

དབྲ་སྲས་ཀུན་བཟང་ནམ་མཁའི་སྙིང་པོ་མཆོག

ཟག་མེད་འཇའ་ལུས་གཤེགས་པའི་ཉིན་མོ་འདིར།།

ཁྱེད་ཉིད་སླར་ཡང་དྲན་པའི་ཚོམ་འདི་འབུལ།།


རྨད་བྱུང་མདོ་ཁམས་ས་ཡི་ཐིག་ལེ་རུ།།

ཡབ་ཡུལ་རིགས་བཟང་ཟླ་བའི་མ་མ་ལས།།

མཚན་དཔེ་ཆུ་ཤེལ་ནོར་བུའི་དཔལ་འཛུམ་སྟེ།།

ཕན་བདེའི་ཀུན་ད་རྒོད་པའི་སྐལ་བཟང་ཚེས།།


ཚེམས་དཀར་དུང་གི་ཞལ་ཁེབས་བཤུས་ཙམ་ནས།།

སྲིད་པའི་གྱ་གྱུ་ཚེར་མའི་ཐང་ནག་ལ།།

ཚོར་སྐྱེན་ཤའུ་དམར་པོས་མ་བཟོད་དེ།།

མྱང་འདས་མེ་ཏོག་གླིང་ལ་གོམ་ཁ་བསྒྱུར།།


བག་སྒྲིབ་རྡུལ་གྱིས་གཡོགས་པའི་སེམས་ཤེལ་སྟེང་།།

བསག་སྦྱོང་སྔོན་འགྲོ་འབུམ་གྱིས་ཆབ་སྦྲན་ཏེ།།

རང་རྒྱུད་གཙང་དག་བཟོས་པའི་དྭངས་ཁའི་དབུས།།

རིག་པའི་ཟླ་འོད་འཆར་བའི་སྣང་བ་བསྐྲུན།།


ཀུན་མཁྱེན་བླ་མའི་ཟབ་གདམས་འོ་མའི་མཚོ།།

དད་བརྩོན་སོ་གོས་རླབས་ཀྱིས་ཡོངས་བརྔུབས་ཏེ།།

ཉམས་རྟོགས་ཤེད་ཤུགས་རྫོགས་པའི་བེའུ་ཞིག།

གཤེན་བསྟན་སྣོལ་མའི་གསེང་ནས་འབྲོང་ས་བཟུང་།།


འཕོ་ཆེན་ཉེར་བཞིའི་ཐུགས་ཀྱི་ཡུར་བ་ལས།།

ཉེར་དྲངས་སྙན་བརྒྱུད་གདམས་པ་བདུད་རྩི་ཆབ།།

གྲུབ་དབང་མངྒའི་རྫིང་ལ་འཁྱིལ་བ་དེ།།

དབྲ་སྲས་ཁྱེད་ཀྱི་ཐུགས་ཀྱི་སྦུབས་སུ་སིབ།།


མཐའ་བྲལ་བླ་མེད་ལྟ་བའི་མཐའ་དབྱིངས་སུ།།

རིམ་གཉིས་ཏིང་འཛིན་སྒོམ་པའི་གཤོག་བརྐྱངས་ཏེ།།

རྨད་བྱུང་སོ་ཐར་སྤྱོད་པའི་རྩལ་ཤུགས་ཀྱིས།།

བརྒྱུད་གསུམ་རྩེ་མོར་ལྡིང་བའི་ཁྱུང་ཆེན་ཁྱེད།།


ངེས་འབྱུང་རྟ་མཆོག་འགྲོས་མའི་སྒལ་གཞུང་ན།།

ཤིན་སྦྱངས་ཏིང་འཛིན་སྒ་གསེབ་ལེགས་སྤྲས་ཏེ།།

རླུང་སྦྱོར་འཁྲུལ་འཁོར་ལྕག་གིས་འཕུལ་འདེད་ཀྱིས།།

ཀློང་སྒོམ་བྱང་ལམ་གཤོག་པའི་ཁྱེའུ་ཞིག


ཁྱེད་ཐུགས་སྤྲིན་གྱི་བ་གམ་ཡངས་པ་ནས།།

བརྩེ་ཆེན་ཆབ་རྒྱུན་འབྲུབ་པའི་རླབས་རིས་ལས།།

ཕྲིན་ལས་མེ་ཏོག་ཆུན་པོའི་རྣ་ཆ་དེ།།

རྐང་གཉིས་སྐལ་བཟང་དགེས་པའི་ནོར་དུ་སྨིན།།


རྟོག་ཚོགས་མཚོ་རླུང་རྒོད་པའི་འདུ་འཕྲོ་ལས།།

ཨ་འཐས་སྣང་ཞེན་སྲིད་པའི་ཆུ་འཛིན་དཔུང་།།

རང་གྲོལ་བདེ་སྟོང་གར་གྱི་དབྱིངས་ཀློང་དུ།།

རང་ཞི་རང་ཡལ་གྱུར་པ་ཨེ་མ་རྨད།།


སྣང་བ་དཀར་དམར་འདི་ཡི་ཉིན་སྲིབ་ན།།

བཟང་ངན་ཐེར་ཟུག་བཞེངས་པའི་སྐྱོ་གར་གང་།།

མཐའ་བྲལ་སྟོང་པའི་ཀློང་དུ་རྒྱས་གདབ་སྟེ།།

ཟག་མེད་འོད་སྐུར་གཤེགས་པ་དབྲ་ཡི་སྲས།།


རྒྱལ་གཤེན་ཆེན་པོས་ཇི་ལྟར་གདམས་པ་བཞིན།།

བློ་འདས་བླ་མེང་བསྒོམས་པའི་གྲུབ་རྟགས་ཏེ།།

སོ་དང་སེན་མོ་ཙམ་ལས་མ་ལྷག་པ།།

འཇའ་ལུས་འཕོ་ཆེན་མིག་གི་སྔུན་ན་གྲུབ།།


དམ་པའི་རྣམ་ཐར་ནམ་མཁའ་རྒྱ་མཚོའི་མཐའ།།

ཚུར་མཐོང་སྦལ་པའི་འགྲོས་ཀྱིས་མི་ཆོད་ཀྱང་།།

དད་པའི་སྙིང་ཁམས་འཕར་བ་མ་བཟོད་ནས།།

ཕྱག་སོར་ཡན་ལག་ལྔ་པ་ཐེངས་གཅིག་འགུལ།།


ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་ཁྱེད།།

རྗེས་སུ་དྲན་པའི་རྣམ་དཀར་ལ་བརྟེན་ཏེ།།

རྣམ་འདྲེན་བླ་མ་ཁྱེད་ཀྱི་དགོངས་རྟོགས་དེ།།

ད་ལྟ་ཉིད་དུ་བདག་ལ་འཕོ་རྒྱུར་ཅིག




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།