
གཞི་དྲུག་དབྱིངས་སུ་གཟིགས་པའི་གཤོག་བརྐྱངས་ཏེ།།
འགྲོ་དྲུག་འཁོར་བའི་གཡང་ནས་འཕུར་བ་ཡི།།
ཁམས་དྲུག་འོད་སྐུར་བཞེངས་པའི་རྟོགས་ལྡན་ཏེ།།
སྒང་དྲུག་རི་བོའི་གཙུག་རྒྱན་ཤར་རྫ་པ།།
ལས་ཉོན་རླུང་གིས་བདས་པའི་བྱེའུ་ཕྲུག་ཁྱུ།།
སྲིད་པའི་རྟེན་འབྲེལ་ལྗོན་པའི་རྩེ་མོ་རུ།།
སྐྱེ་འཆིའི་ཧོར་ཁྲའི་མཆུ་ལ་བྲེད་པའི་ངང་།།
དུཿཁའི་གཤོག་ཟུང་ལྡེམ་པའི་ཚུར་མཐོང་ཚེ།།
སྣང་བ་ཁྲ་ཁྲ་འདི་ཡི་ཕ་རོལ་ནས།།
རིག་པའི་ཡེ་ཤེས་འོད་ཀྱི་མི་ཆུང་དེ།།
དྲང་སྲོང་ངུར་སྨྲིག་འཛིན་པའི་གཟུགས་སྤྲུལ་ཏེ།།
མདོ་ཁམས་ཤར་རྫའི་ཞིང་ན་ཁྱེད་ཉིད་འཁྲུངས།།
བྱིས་པའི་ལང་ཚོའི་མེ་ཏོག་རྒོད་ཙམ་ན།།
སྔོན་སྦྱངས་རྟོགས་པའི་འཕྲོ་ཆེན་སད་ནས་སུ།།
བཟང་དགུའི་ལས་ལ་འབད་པའི་ཚུལ་མཛད་དེ།།
སྐྱེས་ཆེན་དམ་པའི་རང་རྟགས་ཆུང་ནས་ངོམས།།
ཕྱུག་པོའི་རྫས་དང་མཛངས་མའི་ལྕེ་རྩེ་ཡིས།།
སྤྲུལ་ཆེན་ཞིག་གི་ཁྲི་ལ་བཏེགས་པ་ཡི།།
ཁྱི་ལུས་དར་ཐུམ་བྱས་པའི་ཕྱུག་ཕྲུག་སྟེ།།
དུས་མཐའི་སྲིད་སྤྲུལ་ཚོ་དང་ཁྱེད་མི་འདྲ།།
སྔོན་གོམས་ཡིདཀྱི་སྲེད་པ་མཐུ་བརྟས་ཏེ།།
ཁ་ཕོར་ངོ་འཛིན་བྱས་རབས་མེད་ན་ཡང་།།
དམུ་རྒྱལ་གཤེན་གྱིས་བསྟན་མཆོག་མདོ་སྔགས་གང་།།
བྱིས་པའི་དུས་ནས་མ་བསླབས་རང་བརྡོལ་མཁྱེན།།
འཕོ་ཆེན་འཇའ་ལུས་ཉེར་བཞིའི་རྐང་ལམ་ནས།།
རིག་པ་རྐྱང་དེད་གཅིག་གིས་ཉེར་བགྲོད་དེ།།
ཡང་རྩེ་བླ་མེད་ཐེག་པའི་ཁྲི་འཕང་ནས།།
བཅོས་མིན་དོན་གྱི་སྤྲུལ་སྐུའི་རང་ཞལ་ངོམས།།
མཁས་ཆེན་དུ་མའི་ཞལ་སྔར་མ་འགྲིམས་ཤིང་།།
རྟོག་གེའི་གླིང་དུ་གྲྭ་སྐོར་མ་བྱས་ཀྱང་།།
བཀའ་རམས་ལྷ་རམས་གང་གིས་ཟླ་བྲལ་བའི།།
བརྒལ་རྟགས་རིག་པའི་མེ་ལྕེ་གཞན་ལས་ཚ།།
ཚིག་སྐམ་རྩོད་པའི་རྟོག་གེའི་ཐལ་སྐད་ཀྱིས།།
གཞུང་ཆེན་ཚིག་ཤུན་བཤུས་པ་ཙམ་མིན་པ།།
ཚིག་དོན་ཉམས་སུ་མྱོང་བའི་གོ་བ་ཡིས།།
གཞུང་ལུགས་གདམས་པ་ཤར་བ་ཁྱེད་ཉིད་ཙམ།།
མེ་དང་ཉི་མ་འདེ་བའི་སྲང་ལམ་ནས།།
སྙིང་པོ་མག་མུག་བསྒྲངས་ནས་ཚེ་ཚད་པའི།།
སྲིད་པའི་བན་རྒན་ཚོ་ལས་ཡིད་དབྱུངས་ཏེ།།
ཚེ་ལུས་ཡོངས་རྫོགས་བོན་སྤྱོད་ཕྱོགས་ལ་བཏང་།།
མེད་དགག་མཁན་པོའི་བློ་ལ་མི་ཤོང་ཞིང་།།
གམ་གཅར་རྟོག་གེའི་རྟགས་ཀྱིས་མི་དཔོག་པའི།།
བློ་འདས་བླ་མེད་ལྟ་བའི་རང་ངོ་དེ།།
རང་གི་མྱོང་བའི་ཐོག་ནས་ལྷག་གེར་གཟིགས།།
དེང་དུས་ཤེས་རྨོངས་བླ་སྤྲུལ་ཕལ་མོ་ཆེས།།
རྫོགས་ཆེན་ཟེར་ནས་དྲན་རིག་འདེད་པ་དང་།།
གསང་སྔགས་ཟེར་ན་གྱེར་རྡུང་གཏོར་བཟོ་ཙམ།།
འགངས་ཆེན་འཛིན་པའི་དུས་ཀྱི་ཁུགས་སོ་ན།།
རྫོགས་ཆེན་རྫོགས་ལུགས་གཞུང་བཞིན་རྟོགས་པ་དང་།།
གསང་སྔགས་སྔགས་ལུགས་རྒྱུད་བཞིན་ཤེས་ཐོག་ནས།།
རང་གིས་སྤྱོད་ཅིང་གཞན་ལ་འདོམ་པའི་བཤེས།།
དུས་མཐའི་མཁས་འཆེས་ཁྲོད་ན་ཁྱེད་ཉིད་ཙམ།།
སྔོན་འགྲོ་ཟེར་ནས་ཚིག་སྐམ་འབུམ་དགུ་བསགས།།
དངོས་གཞི་ཟེར་ནས་དྲན་རྟོག་བཀག་ཙམ་ལ།།
ཐར་པའི་ལམ་སྣེ་ཟིན་པའི་ཚུལ་རློམ་སྟེ།།
མགོ་ཟླུམ་ཕལ་ཆེར་མགོ་བོ་འཁོར་དུས་ན།།
སྔོན་འགྲོའི་བོན་གྱིས་རང་རྒྱུད་མ་ཐུལ་ཞིང་།།
དངོས་གཞི་རིག་པའི་རྩ་གདར་མ་ཆོད་ན།།
ལོ་ཟླའི་མཚམས་ཀྱི་གྲངས་ཀ་མོད་ན་ཡང་།།
དྲེགས་པ་སྒྲུབ་པའི་རྒྱུ་ལས་མེད་པར་གདམས།།
རིག་པའི་གཞུང་ལུགས་ཐུག་དུས་མཁས་པའི་དབང་།།
ལྟ་སྒོམ་ཉམས་ཀྱི་མཐིལ་ནས་གྲུབ་པའི་རྗེ།།
རྨད་བྱུང་སྤྱོད་པའི་ཚུལ་ནས་བཙུན་པའི་ཕུལ།།
སྙེང་བྲལ་མི་ཡི་སེང་གེ་ཁྱེད་འདྲ་སུ།།
མཁས་པས་དཔྱད་ན་མཁས་ཉམས་དོད་པ་དང་།།
གྲུབ་པས་བསྒོམས་ན་གྲུབ་རྟགས་ཚ་བ་ཡི།།
ལུང་རིགས་ཚད་མའི་སྲང་ལས་བཤར་བའི་གཏམ།།
ལེགས་བཤད་མུ་ཏིག་ཕྲེང་བ་མགུལ་ནས་ལུད།།
ཁྱད་པར་སྔོན་བྱོན་མཁས་པས་མ་ཁྲོལ་ཞིང་།།
ཕྱིས་འབྱུང་རྟོག་གེས་དེ་བས་མི་དཔོག་པའི།།
རྣམ་བཞི་རིག་འཛིན་ལམ་ལ་སྦྱར་ཚུལ་སོགས།།
སྔགས་རྫོགས་དཀའ་གནད་དུ་མ་ཁྱེད་ཀྱིས་བཀྲལ།།
ལུང་རིགས་རྩིས་ལ་བབ་པའི་ལེགས་བཤད་ལྕགས།།
མྱོང་བའི་དམར་ཁྲིད་ཟབ་མོའི་ངར་བླུད་དེ།།
མཁས་པའི་ཚིག་རུལ་སྤུངས་པ་ཙམ་མིན་པ།།
གྲུབ་པའི་ཉམས་ལས་འཁྲུངས་པའི་བྱིན་རླབས་འཕྱུར།།
རིག་གཞུང་སྐྱོབ་པའི་གོ་ཆ་མི་ཕན་ཞིང་།།
རང་རྒྱུད་འདུལ་བའི་གདམས་ངག་མི་ལོ་བའི།།
བྱིས་པའི་བླ་བོ་མོལ་བའི་དེང་རྩོམ་ཕལ།།
ཤར་རྫའི་གསུང་ལ་བསྡུར་ན་གད་སྙིགས་དངོས།།
ཟབ་དོན་ཁྲོལ་ཞིང་ལྷ་ཞལ་མཇལ་བ་དང་།།
མངོན་ཤེས་ལྡན་ཞིང་ལུང་བསྟན་ཐོབ་པ་སོགས།།
བཀའ་བརྟེན་རྩོམ་པའི་མཚན་ཉིད་ཚང་བ་དེ།།
སྙིགས་མའི་དུས་འདིར་མངྒ་ཝེར་ཞི་ཙམ།།
ཕྱོགས་ལྷུང་མཁྲིས་པའི་ནད་ཀྱིས་མ་མནར་ཞིང་།།
ཁྱེད་གསུང་མཇལ་བའི་སྤྱན་མིག་ཞར་མེད་ན།།
ལེགས་བཤད་རེ་རེ་བཞིན་དུ་གཟིགས་མཛོད་དང་།།
མཁས་པའི་འགྲམ་ཆུ་འབྲུབ་པའི་ལྟད་མོ་ཡོད།།
ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉམས་ལེན་གང་།།
ཕྱི་བ་དྲེད་མོང་སྐྱེ་བའི་རྒྱུ་མཐོང་བའི།།
མེད་དགག་མཁན་པོའི་གྲེ་བས་མི་ཁྲེམ་ཡང་།།
གྲུབ་དབང་མངྒས་ཧུབ་ཐེངས་གཅིག་གིས་བརྔུབས།།
རྩོལ་བཅས་བློ་ཡི་འདུན་པ་ཟད་ན་ཡང་།།
རྩོལ་བྲལ་རིག་པས་འགྲོ་དོན་མཛད་པའི་ཚུལ།།
ཡང་རྩེ་བླ་མེད་སེང་གེའི་གད་རྒྱངས་ལ།།
བློ་ཆུང་ཝ་མོ་སྐྲག་པ་འགྱུར་ཏ་རེ།།
ཁ་བཤད་སྐམ་པོའི་སྟོང་སྒྲ་མ་ཡིན་པ།།
ལན་ལེན་རློན་པའི་སོ་ནམ་བྱས་པའི་འབྲས།།
དབེན་གནས་གཡུང་དྲུང་ལྷུན་པོའི་ལྗོན་གསེང་ནས།།
ཟག་མེད་འོད་སྐུ་བཞེངས་པའི་ཚུལ་ལ་ལྟོས།།
འཕོ་ཆེན་འཇའ་ལུས་ཉེར་བཞིའི་ཐུགས་ཏིག་སྟེ།།
སྟོང་པས་སྟོང་པ་མཇལ་བའི་ཉམས་ལེན་དེ།།
རང་གིས་མྱངས་ཤིང་གཞན་ལ་གདམས་པའི་འབྲས།།
ཟག་མེད་འཇའ་ལུས་གྲུབ་པ་ཉུང་ཉུང་མིན།།
དེ་ལྟའི་ཁྱེད་ཀྱི་རྣམ་ཐར་དྲི་ཟའི་འཕྲུལ།།
ཚུལ་མཐོང་བྱིས་པའི་བློ་ལས་འདས་ན་ཡང་།།
དད་གུས་རླུང་གིས་ཙི་ཏ་བསྐུལ་བའི་མཐུས།།
ཚིག་རིས་སྒྱུ་མའི་སྒྲོ་གུར་སྙིང་ནས་འཛུམ།།
འདི་བྱས་དགེ་བའི་རྣམ་དཀར་འོད་སྟོང་གིས།།
སྒྲིབ་གཉིས་མུན་པའི་སྨག་རུམ་ཡོངས་བསལ་ནས།།
མཐའ་བྲལ་གཞི་ཡི་གནས་ལུགས་མངོན་གྱུར་ཏེ།།
འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ཤོག།