༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དབྱར་རྩྭ་དང་མི་མང་།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-26] [རྩོམ་པ་པོ།:ལྡོང་སྐལ་བཟང་།] [གཟིགས་ཐེངས:]

འཁྱམ་པོ་འཁྱམ་མོ་ཕ་ཡུལ་ཕྱོགས་ལ་ལོག།
གྲོང་ཁྱེར་འབྲོག་པས་སྐྱེ་སའི་རི་གྲོང་དྲན།།
ཆེ་འབྲིང་སློབ་མས་དགོངས་ཞུའི་གོམ་གྲལ་བསྒྲིགས།།
དབྱར་རྩྭ་བརྐོ་བའི་སྟ་གོན་དང་པོ་ཡིན།།

བླ་མ་མཚམས་པས་བྱིན་རླབས་ཤོག་ཆག་རྒྱག།
རྫོང་ཡུལ་དཔོན་པོས་པ་སེའི་རིན་གོང་བསྣར།།
ཁེར་རྐྱང་ཕོ་ཧྲེང་ཟླ་གཉིས་མནའ་མ་བཞག།
དབྱར་རྩྭ་བརྐོ་བའི་སྟ་གོན་གཉིས་པ་ཡིན།།

བཟའ་དཔོན་རྒས་པོས་སྒོར་མོ་སུམ་སྐྱེད་བླངས།།
ཕོར་ཐུག་བག་ལེབ་བཟའ་ཉོབ་གྲོ་རུ་ཉོས།།
བྱེ་རིལ་ལ་སོགས་དོམ་ལ་བླངས་པ་མང་།།
དབྱར་རྩྭ་བརྐོ་བའི་སྟ་གོན་གསུམ་པ་ཡིན།།

ཡུལ་འབྲོག་བར་ལ་ཁ་སྣ་འཁྲུག་རྩོད་ལངས།།
གཉེན་ཉེའི་བར་ལ་སྐད་ཆའི་འབྲེལ་བ་ཆད།།
གྲོགས་པོའི་བར་ལ་ཕར་འགྲོ་ཚུར་འདུག་བཅད།།
དབྱར་རྩྭ་བརྐོ་བའི་སྟ་གོན་བཞི་པ་ཡིན།།

ས་ཚུགས་དག་ལ་ཞིབ་བཤེར་མི་སྣ་བཙུགས།།
ལམ་ཀྱོག་དག་ནས་གླ་པའི་ལྐོགས་ལམ་བཙུགས།།
ཚང་མའི་རྣམ་ཤེས་སྟོན་ཁའི་རླུང་བཞིན་འཚུབས།།
དབྱར་རྩྭ་བརྐོ་བའི་སྟ་གོན་ལྔ་པ་ཡིན།།

ལོ་ལོན་རྒས་འཁོག་ཁེར་རྐྱང་ཁང་ཁུག་ལུས།།
ཟླ་བརྒྱད་སྦྲུམ་མས་ལྟོ་བ་ལྡིར་བཞིན་བསྐྱོད།།
མནའ་མ་འགའ་ཞིག་ཕྲུ་གུ་ཁུར་ནས་རྒྱུག།
དབྱར་རྩྭ་བརྐོ་བའི་སྟ་གོན་དྲུག་པ་ཡིན།།

གྲྭ་པས་གཟན་ཤམ་དྲུད་ནས་གྲོང་ལ་འགྲོ།།
སྔགས་པས་རྔ་ལྕག་གཡུགས་ནས་འཇོར་ལ་འཐམ།།
མཚམས་པས་སྒོ་དབྱེ་བྱས་ནས་རི་ལ་དོན།།
དབྱར་རྩྭ་བརྐོ་བའི་སྟ་གོན་བདུན་པ་ཡིན།།

ཕ་རྒན་རྐང་པ་ཞ་ཡང་གཡོག་ཁོམ་མེད།།
མ་རྒན་མིག་ཡ་ལོང་ཡང་བཅོས་ཁོམ་མེད།།
ཡོད་ཚད་བྲེལ་ཟིང་ཁྲོད་ནས་རི་ལ་འགྲོ།།
དབྱར་རྩྭ་བརྐོ་བའི་སྟ་གོན་བརྒྱད་པ་ཡིན།།

འབྲོག་པས་དཔྱིད་ཀའི་ཟོག་ངན་གཉོར་ཁོམ་མེད།།
ཡུལ་པས་ཞིང་ཁའི་ས་བོན་འདེབ་ཁོམ་མེད།།
རི་འགོའི་ཁ་བ་སྲབ་མཐུག་ལྟ་བཞིན་བྲེལ།།
དབྱར་རྩྭ་བརྐོ་བའི་སྟ་གོན་དགུ་པ་ཡིན།།

རྒན་གཞོན་མེད་པར་ལག་ན་ལྕགས་འཇོར་ཐོག།
ཕྱུག་དབུལ་མེད་པར་རྫོང་ནས་པ་སེ་ཉོས།།
དལ་ལྷོད་མེད་པར་ལུས་སེམས་རི་ལ་འཁོར།།
དབྱར་རྩྭ་བརྐོ་བའི་སྟ་གོན་བཅུ་པ་ཡིན།།


ལྡོང་སྐལ་བཟང་། ༢༠༡༤/༥/༤



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།