༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དཔེ་ཀློག་དང་ང་ཚོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:མེ་བཟའ།] [གཟིགས་ཐེངས:]

     མཐོ་འབྲིང་སྐབས། གལ་ཏེ་སློབ་མ་རེ་གཉིས་ཀྱི་ལག་ན་དཔེ་དེབ་བཟུང་མེད་པ་དང་དུས་རྒྱུན་དཔེ་ཆ་མང་ཙམ་མ་བལྟས་ན་སློབ་གྲོགས་གཞན་དག་ཚང་མས་འཕྱ་སྨོད་དང་ཟུར་ཟ་བྱེད་གཏན་འཁེལ་རེད།
     སློབ་ཆེན་སྐབས། གལ་ཏེ་སློབ་མ་རེ་གཉིས་ཀྱི་ལག་ན་དཔེ་དེབ་འཇུས་ནས་ལམ་ལ་འགྲོ་བ་དང་ཇ་ཁང་སོགས་སུ་དཔེ་དེབ་ཀློག་པ་ཡིན་ན་སློབ་མ་གཞན་དག་ཚང་མས་འཕྱ་སྨོད་དང་ཟུར་ཟ་བྱེད་གཏན་འཁེལ་རེད།
     གནས་ཚུལ་དེ་འདྲའི་འོག་དུས་ཚོད་དང་ས་ཆ་གང་འདྲ་ཞིག་ལ་ཡིན་རུང་ནམ་རྒྱུན་དཔེ་དེབ་ལ་ཏོག་ཙམ་ལྟ་དགའ་ཡོད་པའི་ང་བསམ་གཞིག་གི་ཀློང་ན་དུ་མ་ཆས་དགོས་བྱུང་།
     ཁོར་ཡུག་གིས་མིའི་བསམ་བློ་དང་བྱ་སྤྱོད་ལ་འགྱུར་བ་གཏོང་པ་རེད་དམ། ཡང་ན་མིའི་བསམ་བློ་དང་བྱ་སྤྱོད་ཀྱིས་ཁོར་ཡུག་ལ་འཕོ་འགྱུར་གཏོང་བ་རེད།
     ཡང་སྐབས་སྐབས་སུ་ཡ་ཧུ་དྭ་པའི་མི་རིགས་ལ་ཡིད་སྨོན་འཆོར་བཞིན་ཁོང་ཚོས་དཔེ་ཀློག་ལ་དགའ་བའི་མི་བུ་དག་ལ་ལྟ་སྟངས་དང་གདེང་འཇོག་གང་འདྲ་བྱས་མིན་དང་དཔེ་ཀློག་གིས་ཡོངས་སུ་ཁེབས་པའི་ཁོར་ཡུག་དེ་ག་རུ་འགྲོ་འདོད་ཤིན་ཏུ་ཆེ།
     སློབ་མས་དཔེ་དེབ་ལྟ་བར་རྒྱུན་ལྡན་ལས་འདས་པའི་རྒྱུན་ལྡན་ཞིག་ཡིན་མོད། དེ་ལ་འཕྱ་སྨོད་དང་ཟུར་ཟ་ཡ་མཚན་སྐྱེ་དགོས་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཞིག་སུས་ང་ལ་གསུང་རོགས་བྱེད། སློབ་མ་ཡིན་ཟེར་བའི་སློབ་མའི་མིང་རྟགས་བླངས་པའི་སྐྱེ་བོ་ཡོད་དོ་ཅོག་གིས་སློབ་ཁང་ཞེས་སློབ་མ་སྡོད་སའི་ཁང་མིག་དང་། དཔེ་མཛོད་ཁང་ཞེས་དཔེ་དེབ་ཀྱིས་བཀང་བའི་འཛམ་གླིང་ཆུང་ཆུང་འདི་གཉིས་ནང་དཔེ་དེབ་ལྟ་བ་མ་གཏོགས་གནས་གཞན་དག་ཏུ་དཔེ་དེབ་ལྟ་མི་ཆོག་ཅེས་དེ་སྔ་སྐྱེས་ཆེན་དང་བླ་ཆེན་སུ་ཞིག་གིས་གསུང་འདུག
     སྐབས་རེར་དཔེ་སྒྲོམ་བསྒྲིགས་ནས་དཔེ་སྒྲོམ་ཐོག་དཔེ་ཆ་མང་པོ་ཡོད་པའི་ཇ་ཁང་ནང་རྐང་བཙུགས་ནས་ཇ་མངར་མོ་ཕོར་པ་གང་དོ་འཐུང་ཞོར་དཔེ་དེབ་ལ་ལྟ་བསམ་མོད། དཔེ་དེབ་གཅིག་བླངས་ནས་ལྟ་སྐབས་ཉེ་འགྲམ་གྱི་མི་ཚང་མའི་མིག་ཟུང་འགུལ་ཙམ་ཡང་མེད་པར་ངའི་ལུས་ཐོག་དུ་འཕེན་བཞིན་པ་ཚོར་ལ་མཐོང་ཡང་མཐོང་། ད་དེ་ཅི་ཡིན་ནམ། དཔེ་སྒྲོམ་སྟེང་དཔེ་དེབ་བསྒྲིགས་ནས་མི་ལྟ་བར་ཅི་བྱེད། ཡང་ན་ཇ་ཁང་སྦྱིན་བདག་གིས་ཇ་ཁང་བཟོ་བཀོད་བྱེད་སྐབས་ནང་ཆས་ཅི་ཞིག་སྒྲིག་དགོས་མ་ཤེས་པར་དཔེ་སྒྲོམ་གཅིག་གི་ཐོག་ཏུ་དཔེ་དེབ་མང་ཙམ་བསྒྲིགས་ནས་ཇ་ཁང་ནང་གི་བཟོ་བཀོད་མཛེས་རྒྱན་བཤམས་པ་ཙམ་ཡིན་ནམ། དེ་འདྲ་ཡིན་མི་སྲིད་ཨ། ཡིན་ནས་ཇ་ཁང་ནང་མགྲོན་པོ་མང་པོ་དེ་འདྲ་ཡོད་ཀྱང་ལག་ན་དཔེ་དེབ་འཇུ་མཁན་ཧ་ལམ་ཉིན་མོའི་སྐར་མ་ལས་དཀོན་འདུག  ངས་ལྟས་ལྟས་རིག་རིག་ལ་དཔེ་སྒྲོམ་སྟེང་གི་དཔེ་ཆ་ལ་སྙིང་རྗེ་སོང་། དཔེ་སྒྲོམ་འོག་གི་མི་རྣམས་ལ་རེ་ཞིག་བལྟ་དགོས་བྱུང་། 
     ཕ་ཡུལ་དུ་ཡོད་པའི་ཉིན་ཞིག་ང་རང་གཅིག་པུར་༼ཕུན་ཚོགས་ཇ་ཁང་༽ཞེས་པའི་ཇ་ཁང་ཞིག་གི་ནང་སོང་ནས་ཇ་མངར་མོ་འཐུང་ཞོར་དཔེ་དེབ་གཅིག་བཀླགས་དགོས་བསམ་བྱུང་། ངའི་འདུག་ཁྲིའི་རྒྱབ་ཀྱི་གྱང་རྩར་ཏག་ཏག་དཔེ་སྒྲོམ་ཆུང་ཆུང་ཞིག་འདུག  དཔེ་སྒྲོམ་ཆུང་ཡང་དཔེ་དེབ་ཀྱིས་བཀང་འདུག དཔེ་སྒྲོམ་འོག་གི་འདུག་ཁྲིའི་སྟེང་ཕྲུ་གུ་གཉིས་དང་ཕ་མ་གཉིས། ཁྱོན་བསྡོམས་མི་བཞི་འདུག ངས་དེབ་གཅིག་ལེན་བསམ་ཡང་ལག་པས་དཔེ་སྒྲོམ་ལ་རྙོབ་པར་དཀའ།  ཁོ་ཚོའི་མགོ་ཐོག་ནས་ལག་པ་བརྐྱང་ནས་དེབ་བླང་ན་ཁོང་ཚོས་རྣམ་རྟོག་བརྩི་མི་ཡོང་ངམ་བསམ་ནས་ལེན་མ་ཕོད། ཏོག་ཙམ་ཕྱིན་རྗེས་ངས་ཁོང་ཚོའི་ཕྲུ་གུའི་ཨ་ཕ་དེར་ང་ལ་དེབ་གཅིག་ལེན་རོགས་ཞུས་པ་ཡིན། ཁོང་གིས་ང་ལ་ལྟ་སྟངས་ཡ་མཚན་ཆེན་པོས་ཀ་རེ་ཀོར་རེའི་ངང་དཔེ་སྒྲོམ་ནས་དེབ་དེ་ཚུར་བླངས་ཀྱང་ཐད་ཀར་ང་ལ་མ་སྤྲད་བར་ཁོང་གིས་དེབ་ཀྱི་མདུན་རྒྱབ་གཉིས་ལ་ཞིབ་ལྟ་ཞིག་བྱས་རྗེས་ང་ལ་ཡ་མཚན་གྱི་ཟུར་ལྟ་ཞིག་བྱས། གཞི་ནས་དེབ་ལག་པར་རག་བྱུང་། ངའི་འདུག་ཁྲི་ཁོང་ཚོའི་མདུན་ལ་རེད་འདུག་པས་ངས་དེབ་བལྟས་བའི་བརྒྱུད་རིམ་ཁྲོད་ཁོང་ཚོས་ངའི་ཕྱོགས་ལ་ལྟ་ཐེངས་ཕལ་ཆེར་གྲངས་ལས་འདས། རྗེས་སུ་ལྟ་མ་བཟོད་པར་འཁྲིས་ཀྱི་ཁ་པར་བླངས་ནས་ཁ་པར་རྩེད་ནས་དུས་ཚོད་འདའ་བར་བྱས། ང་ཇ་ཁང་ནས་ཐོན་རྗེས་བསམ་བློའི་ནང་ཁོང་ཚོས་ང་ལ་དེ་འདྲ་ལྟ་བའི་རྒྱུ་མཚན་ཕལ་ཆེར་ཇ་ཁང་ནང་འདུག་ཁྲི་རེ་རེའི་སྟེང་མི་གཉིས་གསུམ་གསུམ་བཞི་ཙམ་རོགས་པ་ཡོད་འདུག ཡིན་ནས་ང་མི་གཅིག་ཁེར་རྐྱང་ཡིན་ཙམ་ཁོང་ཚོ་ཡ་མཚན་སྐྱེ་བ་མིན་འགྲོ་སྙམ་བྱུང་།  ད་ལྟ་སླར་ཡང་དེ་ཉིན་གྱི་གནས་ཚུལ་ལ་ཕྱིར་འདང་དང་རྗེས་དྲན་བྱེད་ཡོང་དུས།  དོན་རྡོག་རྡོག་གཞི་ནས་རྟོགས་བྱུང་། ཁོང་ཚོས་ང་ལ་དེ་ལྟར་ལྟ་དགོས་པའི་རྒྱུ་མཚན་རྟོགས་བྱུང་། ངས་དཔེ་དེབ་ལྟ་དགོས་ཞེས་ལབ་པའི་སྐད་ཆ་དང་ལག་དུ་དཔེ་དེབ་འཇུས་ཡོད་པའི་རྐྱེན་རེད།  དེ་མ་ཚད་ཁོང་ཚོ་ཡ་མཚན་སྐྱེ་བའི་རྐྱེན་ཆེ་ཤོས་ནི་ང་བུད་མེད་གཅིག་གིས་དཔེ་དེབ་ལྟ་བ་དེ་མིན་འགྲོ། སྐྱེ་པ་ཕོ་ཕལ་མོ་ཆེའི་བསམ་བློའི་ནང་བུད་མེད་ནི་སྒོ་ཕྱི་ཡི་ཞིང་ལས་ཀྱི་ཞོར་དུ་ནང་ཁྱིམ་གྱི་ཐལ་ལས་རྡུལ་ལས་དང་ཟས་གཡོ་འཚེམ་དྲུབ། གོན་པ་བཀྲུ་བ་དང་། ཁྱིམ་གཞིས་གཙང་སྦྲ། ཆུ་ལེན་ལྕི་འཕུད། ཁྱོ་གའི་གཡོག་སྒྱུག་དང་བྱིས་པ་སྙོར་སྐྱོང་སོགས་ཀྱི་ལས་ཀ་རྫོགས་མེད་ཅིག་བྱེད་དགོས་པ་ལས་དཔེ་དེབ་ཟེར་བའི་དངོས་པོ་འདི་བུད་མེད་དང་འབྲེལ་བ་ཅི་ཡང་མེད་པར་བརྩི། ཁོང་ཚོའི་དོགས་ཆར་དེ་འདྲ་གནང་དུས་ང་བུད་མེད་གཅིག་གི་ངོས་ནས་ཅིས་ཀྱང་དཔེ་ཀློག་ལ་ཧུར་ཐག་བྱེད་ནས་ཁོང་ཚོའི་བགོད་བྲོ་ཙའི་དོགས་ཆར་སེལ་གང་ཐོབ་བྱེད་དགོས། སྐབས་འགར་བུད་མེད་དང་དཔེ་ཀློག་ལ་གཞན་སུ་དང་བསྡུར་ཐབས་བྲལ་བའི་རླབས་ཆེན་གྱི་གཏམ་རྒྱུད་ཡོད་པ་ར་སྤྲོད་བྱེད་དགོས། བུད་མེད་ཀྱིས་དཔེ་ཀློག་བྱེད་པར་བལྟ་སྟངས་ཡ་མཚན་འཛིན་མཁན་དང་བོད་རིགས་བུ་མོའི་བོད་དེབ་བལྟ་བར་ཡ་མཚན་སྐྱེ་མཁན་གྱི་སྐྱེ་བོ་དག་ལ་ལན་རྣལ་མ་ཞིག་འདེབས་བསམ། 
     བདག་ནི་རང་མིང་འབྲི་ཤེས་ཙམ་དང་ཡིག་ངོ་ཆོད་ཙམ་ཡིན། ཤེས་བྱ་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམན་ཡང་དུས་རྒྱུན་ས་གར་སོང་གར་བསྡད་ལ་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད། གནམ་ཁབ་རྒྱག་སྐབས་དུས་ཡུན་རིང་དྲགས་པའི་དུས་ཚོད་གང་མགྱོགས་ངང་རྫོགས་ཆེད་ངས་དང་ཐོག་ནས་སྒྲུང་དེབ་གཅིག་ཆེད་མངགས་གྲ་སྒྲིག་བྱེད་ནས་འགྲོ་ཡི་ཡོད། 
སྨན་ཁང་ནང་གནམ་ཁབ་རྒྱག་བཞིན་དཔེ་དེབ་ལྟ་བ་ཡང་མི་ཚོས་ཡ་མཚན་གྱི་གཞི་མ་རུ་འགྱུར། ཟུར་མིག་དང་ཡ་མཚན་ཇེ་མང་ལས་ཇེ་ཉུང་མ་སོང་། སྨན་པས་སྨན་ཆུ་སྣོན་ཞོར་ཡ་མཚན་གྱིས་"ཁྱོད་ལོ་རིམ་བཞི་པའི་སློབ་མ་ཡིན་ནམ།"ཞེས་སྐད་ཆ་དྲིས་བྱུང་།  སློབ་མས་ཡིག་ཚད་མ་བཏང་གོང་ལ་མ་གཏོགས་དཔེ་དེབ་ལྟ་སྲོལ་མེད་པའི་ཆོབ་མཚར་བའི་གནས་ལུགས་དེ་འདྲ་སུས་གསར་གཏོད་བྱས་པ་རེད། ཡང་ན་སུས་གསུང་པ་རེད།
     དོན་སྙིང་མེད་པའི་སྐད་ཆ་མང་པོ་ཞིག་མི་བཤད། ངས་བརྗོད་དགོས་པའི་བསམ་ཚུལ་ངོ་མ་ནི་རྗེས་ཕྱོགས་ངས་ས་ཆ་ག་གེ་མོ་ཞིག་ན་དཔེ་དེབ་ལྟ་བཞིན་འདུག་ན་ཁྱེད་ཉིད་ཀྱིས་ཡ་མཚན་གྱིས་ཁེངས་པའི་ཟུར་མིག་ང་ལ་མ་གཏད་རོགས།
     མོ་ལོ་ཉེར་གཉིས་ལ་སླེབ་པའི་བུ་མོ་ངའི་འཚོ་བའི་ནང་ཆེས་ཞེ་སྡང་ལངས་ཤོས་ཀྱི་དོན་དག་འགའ་ཡོད་དེ། དཔེ་དེབ་ལྟ་དུས་ཡ་མཚན་གནང་མཁན་གྱི་སྐྱེ་བོ་དང་བོད་ལྭ་གྱོན་དུས་ཡ་མཚན་ཆེ་མདོག་གིས་བོད་ལྭ་གྱོན་ནས་དོན་དག་ཅི་ཡོད་དམ་ཞེས་སྐད་ཆ་འདྲི་མཁན་གྱི་བོད་མི་ཀླད་སྟོང་དེ་དག་ཡིན། ད་རུང་རང་ཉིད་ཀྱིས་བོད་ཡིག་མི་སྦྱོང་བ་དང་བོད་སྐད་མི་བཤད་པའི་ཁར་གཞན་སྐད་དམ་ར་མ་ལུག་སྐད་ཐར་བུ་ཐོར་བུ་འགའ་ནས་མི་གཞན་ལ་བོད་ཡིག་སྦྱོང་ན་གོ་ཆོད་མེད་ལུགས་བོད་སྐད་བཤད་ན་རྗེས་ལུས་ཡིན་མིན་རྫུན་གྱིས་བཅིངས་ནས་གནས་ལུགས་རྒྱུ་མཚན་བཤད་མཁས་པའི་བོད་རིགས་ལོ་ལོན་དེ་དག་ཡིན།
     སུ་ལ་ཡ་མཚན་ཅན་གྱི་སྐད་ཆ་དེ་ཚོ་འདྲི་དགོས་ན་དྲིས། ཡིན་ནའང་་ང་ལ་མ་འདྲི་རོགས། ཆེས་ཆུང་ཞིང་ཉམས་རྒུད་པའི་སེམས་ཡིན་ནམ་གང་ལྟར་བཟོད་དཀའ་བ་ཞིག་འདུག



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།