༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
​ཁེར་རྐྱང་གི་གཏམ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:གུས་བཙན་མིང་པས་] [གཟིགས་ཐེངས:]

     དེ་རིང་ཁེར་རྐྱང་ངང་བསེ་རུ་ལྟར་གཅིག་པུར་ཉུལ་བའི་དུས་ཚོད་འདིར་བདག་དང་འབྲེལ་འདྲིས་ཆེ་བའི་གྲོགས་དག་མཉམ་དུ་སྐད་འཕྲིན་རྒྱུད་ནས་བདེ་སྡུག་གི་གནས་བབས་དང་དགའ་སྐྱོ་ཡི་འཚོ་བ་དག་གླེང་མོལ་བྱས་པ་ཡིན། གླེང་མོལ་དེ་དག་གི་ཁྲོད་ནས་རང་གིས་བསམ་གཞིགས་ཤིག་བྱས་ན།
ངོ་མ་བརྗོད་མི་ཤེས་པའི་ཚོར་བ་གསོན་པོ་དང་གླེང་མི་ཐུབ་པའི་དགའ་བས་ཁེངས་སོང་། དེ་ནི་བདག་ལ་བརྩེ་བ་ལྷད་མེད་བཅངས་པའི་གྲོགས་དག་གིས་ཐུགས་འཁུར་ཚད་མེད་གནང་བ་དང་སྙིང་གཏམ་གསོན་པོ་རང་བཤད་པས་ཡིན། དགའ་འོས་པ་ཞིག་ལ་བདག་གི་གྲོགས་པོ་མང་པོ་ཞིག་ས་ཕྱོགས་མི་གཅིག་པའི་གང་སར་བཞུགས་ཡོད་ཀྱང་། གློ་བ་དཀར་བའི་གྲོགས་དག་གི་སེམས་པ་དཀར་པོ་དེ་བདག་ཕྱོགས་ལ་འཁོར་འདུག་པས་བདག་ནི་དགའ་བའི་མིག་ཆུ་མིག་ནས་ཤོར་ཞིང་གདོང་ནས་ལྷུང་སོང་།
སྐྱོ་འོས་པ་ཞིག་ལ་བདག་རང་ནི་མི་རང་འདོད་ཚ་པོ་དེ་འདྲ་ཡིན་པས་རྒྱུན་ལྡན་རང་འདོད་ཆེ་བའི་སྐྱོན་གྱིས་གྲོགས་པོ་དག་ལ་སུན་པོ་བཟོ་རྒྱུ་དེ་རེད་འདུག དེ་བཞིན་བདག་ནི་དགའ་མགྱོགས་ལ་སྐྱོ་སླ་བའི་མི་ཞིག་ཡིན་ཙང་དུས་རྒྱུན་དགའ་སྐྱོ་ཟུང་འབྲེལ་གྱི་རྒྱུན་ཆད་མ་མྱོང་། དགའ་བ་ནི་དེ་རིང་རང་ག་ལ་ཡིན་ཏེ་དེའང་མིན། སྐྱེ་འགྲོ་སེམས་ཅན་ཞིག་ཡིན་ཚུན་ཆད་ལ་རང་ཉིད་འཚོ་སྡོད་བྱེད་སར་ཨང་དང་པོ་ཞིག་བརྩི་དགོས་ཚེ་ད་ལྟ་རང་ཉིད་འཚོ་སྡོད་བྱེད་སའི་ས་ཆ་འདི་སྤྱིར་གཞན་ཡུལ་ཞིག་ཡིན་ཀྱང་ལྟོ་ཟས་རྒྱབ་གོས་ནི་རང་ཡུལ་ལས་ལྷག་ཞིག་དཔལ་ལ་རོལ་བའི་གནས་ཤིག་ཆགས་ཡོད།
     དེ་ནི་རང་ཉིད་ལ་འདིང་མཐོང་གནང་བའི་ཨ་ཞང་དང་ཨ་སྦོ་ཨ་ཞེ་ལ་སོགས་པ་དང་། རང་དགོན་གྱི་ཁང་པ་དང་མཆེད་གྲོགས་དག་མང་པོ་ཞིག་འདིར་ཡོད་པས་དགའ་བ་ལ་ཟླ་བྲལ་ཡིན་ཞེས་སྨྲས་ན་ཁ་སྤོབས་ཚིག་སྤོབས་ཆེ་སྐྱོན་ལར་ནས་མེད།  
     ལར་བདག་ནི་མི་འདོད་ནད་ཀྱིས་མནར་བའི་ས་ཆ་འདིར་ཡོང་བ་ཞིག་ཡིན་པ་ལས་སྤྲོ་སྐྱིད་གཏོང་མཁན་མ་ཡིན་དུས་སྤྲོ་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་མདོག་ཁ་པོ་མ་རེད་དེ། མི་ཟེར་བ་དེ་ནི་དགའ་སྡུག་གི་རང་བཞིན་ཞིག་ཡིན་ཚེ་དགའ་སྐབས་དགའ་བའི་གྲོགས་མང་པོ་ཡོད་པ་ལས་རྒུད་ཚེ་སྡུག་མཉམ་འཁུར་བྱེད་མཁན་ཧ་ཅང་དཀོན་པོ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། བདག་ལ་དགའ་ན་རྟ་ཕོ་མཉམ་བཞོན་དང་། སྡུག་ན་འཁུར་པོ་མཉམ་འཁུར་བྱེད་མཁན་མང་པོ་ཡོད་པ་དེས། གནད་འགག་སྐབས་སུ་དགའ་རྒྱུ་བྱུང་བ་ནི་རྒྱུ་མཚན་དེའི་དོན་ཡིན། ནམ་རྒྱུན་ང་ཚོའི་རང་གཞན་སེམས་ཅན་ཐམས་ཅད་རྡུགས་པོ་མ་ཡོང་བར་ཤོག སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་ལྡན་པར་གྱུར་ཅིག་ཟེར་ནས་ཁ་ལས་འབྲལ་ཐབས་མེད་པའི་ཚིག་སྙན་པོ་ཤ་སྟག་བརྗོད་ཀྱིན་ཡོད་རེད་མ་གཏོགས་གནད་འགག་སྐབས་ལག་པ་བརྐྱང་མཁན་ཧ་ཅང་ཧ་ཅང་ཉུང་ཉུང་རེད།  
དེ་རྒྱུ་མཚན་གང་ལ་ཐུག་པ་རེད། ཁ་ཡིས་གཞན་དོན་གླེང་བ་ཙམ་ལས་དོན་དུ་སྒེར་དོན་ཆེ་སོང་བས་ལན་པ་རེད་འདུག་དྲན་ཡོད། རྒྱུ་མཚན་དེ་དག་ལ་གཞིགས་ན་དུས་རྒྱུན་ཁ་ཁོག་མཚུངས་པའི་མི་ལ་འབྲེལ་འདྲིས་ཅུང་ཙམ་ཡོད་པ་ཡིན་ན་གནད་འགག་སྐབས་སུ་རོགས་རེམ་འདའ་རང་འབྱུང་རེད་འདུག
     ངས་ནི་གནས་སྐབས་བདག་ལ་དཀའ་ངལ་འཕྲད་ཚེ་བཤད་པའི་སྐད་ཆ་ཞིག་རྩ་བ་ནས་མིན། རྒྱུན་ལྡན་མི་མང་པོ་ལ་ཁ་གཏིང་སེམས་གཏིང་ནས་འབྲེལ་འདྲིས་ཆེན་པོ་བྱེད་ཀྱི་ཡོད་པས་དེ་དག་ལས་བརྒྱ་ཆ་བདུན་བཅུ་ཙམ་གྱིས་བདག་ལ་ལྟ་སྟངས་ཡག་པོ་ཡོད། ལ་ཤས་ནི་དགའ་ན་དགོད་རྒྱུ་མེད་པ་དང་དྲིན་ཚོར་མི་ཤེས་པ་མང་པོ་ཡོད། དེ་དག་ནི་མི་གཞི་ཀུན་སྤྱོད་ལ་བསྒྱུར་བཅོས་གཏོང་མེད་པ་དང་ཉམས་མྱོང་གང་འཚམས་སྤེལ་མ་མྱོང་པའི་སྐྱོན་རེད་འདུག་དྲན་གྱིན་ཡོད། དེ་ནི་རང་སྒེར་ལ་དཀའ་ངལ་ཞིག་འཕྲད་ན་བསམ་ཤེས་ཐུབ་ཀྱི་རེད་དྲན་བཞིན་ཡོད།
    མདོར་ན་དུས་རྒྱུན་ཡག་ངོ་དང་སྡུག་ངོ་སྟོན་མ་ཤེས་ན་མི་གྲལ་ལ་ཚུད་དཀའ་མོ་རེད། དཀའ་ངལ་འཕྲད་སྐབས་མི་ལ་རེ་བ་དང་མི་དགོས་མཁོ་ཡོད་ཟེར་བ་དང་། རྒྱུན་ལྡན་སྣང་མཐོ་རང་བྱས་པ་ཡིན་ན་གནད་འགག་སྐབས་སུ་འགག་འཕྲང་ནས་སྐྱབས་མཁན་ཞིག་དཀོན་པོ་རེད་འདོད།
ཁ་ཡིས་ཚིག་སྙན་པོ་དང་སྐད་ཆ་སྦོམ་པོ་ཞིག་རང་ཕྱོགས་དང་ཡུལ་འཐེན་ཕྱོགས་ཞེན་ཆེ་ན་མཐའ་མ་རང་ཉིད་བརླག་བྱེད་ཅིག་མ་གཏོགས་ཕན་ཐོགས་གཞན་པ་ཞིག་ཡོད་ཁ་པོ་རེད་དྲན་བྱུང་།
     དེའི་ཕྱིར་དུ་མཐོ་དམན་འདྲ་མཉམ་སུ་དང་གང་ལ་ཡིན་ན་ངོས་ལྐོག་མེད་པ་དང་ཁ་ཁོག་མཚུངས་པ་ཞིག་བྱེད་རྒྱུ་ནི་མི་བུ་ཞིག་གིས་སྤྱོད་ལམ་ཨང་དང་པོ་ཞིག་ལ་འདོད་དགོས་རྒྱུ་ཁ་ཡོད་ལག་ཡོད་དང་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད་འདུག་སྙམ།

རྒྱ་ནག་སྤོས་ལྡན་གྲོང་ཁྱེར་བོད་མའི་ཁྲོམ་གྱི་ཐོས་པ་དགའ་བོད་ཟས་ཁང་ནས་གུས་བཙན་མིང་པས་༢༠༡༧/༥/༦/ཉིན་བྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།