༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་སློབ་རྣམ་པ་ཁྲི་བཞེངས་མངའ་གསོལ་མཛད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:སྦྲུལ་ཞགས།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་སློབ་རྣམ་པ་ཁྲི་བཞེངས་མངའ་གསོལ་

མཛད་པའི་གལ་ཆེའི་གནད་བསྡུས།










དཔོན་སློབ་རྒྱལ་བ་བསྟན་འཛིན།

དགེ་བཤེས་རྒྱལ་བ་བསྟན་འཛིན་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

དཔོན་སློབ་ཁྲི་ལ་མངའ་གསོལ་མཛད།

    འདི་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་པ་ཉེར་བདུན་ཉིན་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་འཕྲིན་ཆེས་ཆེར་རྒྱས་ཤིང་། ཡུལ་མདོ་ཁམས་སྟོད་དུ་གནས་གཞི་ཆགས་པའི་གཤེན་སྡེ་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་དུ་གལ་ཆེའི་མཛད་རིམ་ཁག་ཅིག་སྤེལ་བའི་གནས་ཚུལ་རིམ་པར་ཞུས་ན།  དགོན་འདིའི་ཁྲི་འཛིན་བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་གཞི་ལ་བྱས་ཐོག  འདུས་མང་སྤྱིར་དང་ལྷ་སྡེ་ཐུན་མོང་ནས་རེ་འདོད་ཆེན་པོས་གསོལ་བ་ཕུར་ཚུགས་སུ་བཏབ་དོན་བཞིན།   ཁྱུང་པོ་སྟེང་ཆེན་དགོན་གྱི་སློབ་དཔོན་ཆེན་མོ་རྒྱལ་བ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་དགོན་འདིའི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་གྱི་ཐུགས་འགན་བདག་གིར་བཞེས་ནས་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་ལ་དགོན་འདི་གའི་ཕྱི་ཡི་ལྕགས་ར་སྒྲིག་གཞི་དང་ནང་གི་བསླབ་པ་སློབ་གཞི་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་བྱུང་བའི་རླབས་ཆེན་གྱི་མཛད་པ་ཁག་ཆུ་བུར་མིག་སྔུན་ལ་མཐོང་ཆོས་སུ་གྲུབ་ཡོད་པ་ལ་སྐུ་དྲིན་གསབ་ཆེད་དུ་འདུས་མང་སྤྱིར་དང་ལྷ་སྡེ་ཐུན་མོང་ནས་གཡུང་དྲུང་བསྟན་རྒྱས་གླིང་གི་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་མི་འཇིགས་གཅན་ལྔས་བཏེག་པའི་གསེར་ཁྲི་མཐོན་པོའི་སྟེང་དུ་ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་ཆེན་མོའི་མཚན་གནས་ལ་མངའ་གསོལ་མཛད།  ཁོང་ནི་གཡུང་དྲུང་བོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་ནས་འཛམ་གླིང་བོན་གྱི་སྤྱི་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེ་གྲིབ་བསིལ་སྣུམ་པོའི་སྐྱབས་འོག་ཏུ་ཐུན་མིན་བོན་གཞུང་མདོ་སྔགས་རྫོགས་ཆེན་བཅས་པ་དང་། ཐུན་མོང་བོད་ཀྱི་རིག་གནས་བཅས་ལ་གསན་སྦྱོང་ཚུལ་མཐུན་མཛད་དེ་དགེ་བའི་བཤེས་གཉེན་གྱི་རྒྱལ་སར་བསྙེགས།   ༡༩༩༩ ལོར་དགོན་འདིར་བཤད་གྲྭ་གསར་འཛུགས་གྲུབ་པ་ནས་བཟུང་ད་ལྟའི་བར་སློབ་དཔོན་གྱི་ཐུགས་འགན་བཞེས་ཏེ་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་མདོ་དབུས་སྟོད་སྨད་ནས་ཕེབས་པའི་སློབ་མ་རྣམས་ལ་མདོ་སྔགས་རིག་པའི་གཞུང་ལུགས་ཀུན་དང་ཐུན་མོང་རིག་གནས་དང་བཅས་པ་སློབ་ཁྲིད་ཆག་མེད་དུ་བྱས་ཤིང་།  བོད་ཀྱི་རིག་གཞུང་ལ་བག་ཆགས་ཟབ་པའི་སློབ་མ་གང་མང་སྐྱེད་སྲིང་བྱས།  ལྷག་པར་དུ་ཐུགས་ཀྱི་བུ་སློབ་རབས་འབྱམས་དགེ་བའི་བཤེས་གཉིས་བཅུ་ཕྲག་གཉིས་ལྷག་ཙམ་སློབ་ཐོན་བགྱིས་པའི་མཛད་པ་བསྐྱངས།  ད་དུང་དགོན་འདིའི་བཤད་སྒྲུབ་འདུས་སྡེའི་སློབ་མ་རྣམས་ལ་ཕྱི་ཡི་ཀུན་སྤྱོད་དང་ནང་གི་ཤེས་ཡོན་ཁག་ཡར་སྐྱེད་ཆེན་པོའི་ལམ་བུ་ཐོག་བསྐུལ་བའི་མཛད་པ་ལ་གཞོལ་མུས་ཡིན།  

སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ།

དགེ་བཤེས་འཕགས་མཆོག་སེམས་དཔའ་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

སྒྲུབ་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།

    འདུས་སྡེ་སྤྱིར་དང་ལྷ་སྡེ་ཐུན་མོང་གི་རེ་འདོད་ཇི་བཞིན་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀུན་ལ་མང་ཐོས་མཁས་པའི་རྒྱལ་སར་གཤེགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་འཕགས་མཆོག་སེམས་དཔའ་མཆོག  ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།  ཁོང་ནི་ཆུང་ནས་ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་རྩེ་དྲུག་དང་ལུང་དཀར་དགོན་སོགས་ནས་བསླབ་པ་སློབ་གཉེར་མཛད།  ཕྱིས་སུ་དཔལ་གཤེན་བསྟན་སྨན་རི་གླིང་དུ་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཟུང་གི་དྲུང་ནས་མདོ་སྔགས་རྫོགས་གསུམ་གྱི་གདམས་པས་ཐུགས་རྒྱུད་ཡོངས་སུ་གཏམས་པར་མཛད།   སླར་ཡང་དཔལ་ལྡན་ཁྲི་བརྟེན་ནོར་བུའི་རྩེའི་ཆེས་མཐོ་བོན་གྱི་གཙུག་ལག་སློབ་གཉེར་ཁང་དུ་ཐོས་བསམ་གྱི་འཚོ་བ་ཡུན་རིང་བསྐྱལ་ཏེ་གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་གི་སྐུ་གམ་ནས་བོན་གྱི་གཞུང་ལུགས་ཁག་དང་ལྷག་པར་དུ་སྔགས་རྫོགས་གཉིས་ལ་ཁྱད་དུ་འཕགས་པའི་སྦྱོང་བརྩོན་ཚུལ་མཐུན་མཛད་པས།  གཞན་དྲིང་མི་འཇོག་པའི་མཁས་པའི་རྒྱལ་སར་བསྙེགས།   གདན་ས་དེ་ནས་སློབ་ཐོན་བྱུང་བ་དང་བསྟུན། རང་ཡུལ་གངས་ལྗོངས་སུ་ཞབས་སུལ་འཁོད་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་སྒྲུབ་གྲྭའི་མཁན་པོ་གཙོ་འགན་བཞེས་ཏེ་སྒྲུབ་གྲྭའི་སློབ་ཐོན་མཁན་པོ་གང་མང་བསྐྱེད་བསྲིང་བྱེད་མུས་སུ་བཤད་གྲྭའི་སྔགས་རྫོགས་གཉིས་ཀྱི་སློབ་མ་རྣམས་ལའང་དཔེ་ཁྲིད་ཆག་མེད་དུ་གནང་བཞིན་ཡོད་པ་མ་ཟད།  ཞོར་དུ་རྗེ་བླ་མ་ཡོངས་འཛིན་བསྟན་འཛིན་རྣམ་དག་གི་ཐུགས་མཛོད་ལས་བླངས་པའི་བོན་གྱི་ཟབ་གདམས་རྫོགས་པ་ཆེན་པོ་ཐོས་དོན་རྒྱུད་ལ་འདྲིས་པར་མཛད་དེ་བཞུགས་ཡོད།

གྲྭ་ཚང་མཁན་པོ་གཙུག་གཤེན་ཡང་རྒྱལ།

རྒན་འཆི་མེད་གཡུང་དྲུང་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

གྲྭ་ཚང་མཁན་པོ་རུ་མངའ་གསོལ་མཛད།

    བསྟན་པ་ཡང་དར་དུས་ནས་བཟུང་དགོན་འདིའི་ཕྱི་ནང་གསང་གསུམ་ལ་སྐུ་དྲིན་བླ་ན་མ་མཆིས་པའི་སློབ་དཔོན་འཆི་མེད་གཡུང་དྲུང་རིན་པོ་ཆེ།  འདི་ལོར་སྡེ་དགོན་ཡོངས་ཀྱི་མང་མོས་མངོན་འདོད་ལ་གཞི་བཟུང་སྟེ་ཁྱུང་པོ་སྟེང་ཆེན་དགོན་གྱི་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་ལ་གྲྭ་ཚང་མཁན་པོ་རུ་མངའ་གསོལ་མཛད།  ཁོང་ནི་ཆུང་ངུའི་དུས་ནས་བོན་གྱི་གཞི་མ་སྔོན་འགྲོ་དངོས་གཞི་དང་། ལྷག་པར་དུ་བོན་ཕྱི་ནང་གསང་གསུམ་གྱི་གྱེར་དབྱངས་ཐིག་གསུམ་དང་། འབུད་བརྡུང་དཀྲོལ་གསུམ་སོགས། བརྒྱུད་སྡེ་ཁག་གི་ཕྱག་ལེན་གྱི་རྟོགས་ཚད་གདེང་ལ་མངའ་བརྙེས་པའི་སྦྱངས་པ་གནད་ཕེར་མཛད།  གསོ་བྱེད་སྨན་དང་རྩིས་ཀྱི་ལག་ལེན་ལ་ཐུགས་རྒྱུས་ཧ་ཅང་ཆེ་ཞིང་ཉམ་ཐག་ནད་ཀྱིས་མནར་བའི་འགྲོ་བ་རྣམས་ལ་མི་འཇིགས་སྲོག་གི་སྦྱིན་པ་འབྱེད་པའི་ལྷ་རྗེའི་མཛད་པ་སྐྱོང་བཞིན་ཡོད།  ལྷག་པར་དུ་སྐུ་ཚེ་གང་བོར་དགོན་འདིའི་ཕྱི་ནང་གསང་གསུམ་དང་བཤད་སྒྲུབ་སྒོམ་གསུམ་གྱི་ཐུགས་འགན་ཆེར་བཞེས་མཛད་དེ་དགོན་པའི་ཕྱི་ནང་གི་ལས་དོན་ཕྲ་རགས་ལ་སྐུ་ཚེ་རྫོགས་པའི་རླབས་ཆེན་གྱི་མཛད་པ་སྐྱོང་ཡོད་པ་ནི།  ཆུ་བུར་མིག་སྔུན་ལ་སྟོན་རྒྱུ་ཡོད་པ་དང་། རྣ་བས་ཐོས་རྒྱུ་ཡོད་པའི་བྱ་བཞག་ཁག་འབུར་དོད་དུ་བསྐྲུད་ཡོད་པ་དེའོ།།


སྒོམ་གྲྭའི་མཁན་རིན་པོ་ཆེ་གཙུག་གཤེན་རྣམ་རྒྱལ།

རྣལ་འབྱོར་བ་གཙུག་གཤེན་རྣམ་རྒྱལ་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

སྒོམ་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།

    ཚེ་དང་སྒྲུབ་པ་མཉམ་སྐྱེལ་གནང་མཁན་གྱི་རྣལ་འབྱོར་བ་ཆེན་མོ་གཙུག་གཤེན་རྣམ་རྒྱལ་མཆོག་འདི་ལོར་འདུས་མང་སྤྱིར་དང་ལྷ་སྡེ་ཐུན་མོང་འཚོགས་པའི་སྐལ་པ་བཟང་པོའི་གྲལ་དབུས་སུ་ཁྱུང་པོ་སྟེང་ཆེན་དགོན་གྱི་སྒོམ་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།  ཁོང་ནི་སྐུ་ན་ཆུང་ངུ་དུས་ནས་དམ་པའི་རང་གཤིས་མངའ་བའི་སྐྱེས་བུ་ཞིག་ཡིན། ལོ་ཟླའི་འགྲོས་རིམ་བཞིན་བོན་གྱི་འཇུག་སྒོ་ཁག་ལ་ཧུར་གྱིས་བརྩོན། ལྷག་པར་དུ་ཁྱུང་པོ་སྟེང་དགོན་གྱི་སྒྲུབ་གྲྭར་ཞུགས་ཤིང་དཔོན་གསས་བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པའི་སྐུ་གམ་དུ་ཀུན་མཁྱེན་འཇའ་ལུས་པའི་མཛོད་ཆེན་རྣམ་ལྔ་གཙོས་པའི་བོན་གྱི་ཟབ་གདམས་རྨད་པོ་ཆེ་རྣམས་ཐུགས་ལ་འདྲིས་པར་མཛད།  འདི་གའི་སྒྲུབ་གྲྭའི་བསླབ་གནས་མཐར་ཕྱིན་པ་ནས་བཟུང་སླར་ཡང་སྒོམ་གྲྭར་ཞུགས་ཤིང་མི་ལོ་བཅུ་ཕྲག་རིང་ལ་ཐོས་དོན་རྒྱུད་ལ་འབྱོངས་པར་གནང་ཏེ་དུས་ཀྱི་མཐའ་འདིར་དགེ་བྱེད་པའི་མིག་དཔེར་འོས་པའི་རྣལ་འབྱོར་པའི་མཛད་རྣམ་སྐྱོང་བཞིན་བཞུགས་མུས་ལགསོ།།

བཤད་གྲྭའི་མཁན་པོ་ཚུལ་ཁྲིམས་དགེ་རྒྱས།

དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

བཤད་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།

    གཞོན་པའི་ལང་ཚོ་ལ་མཁྱེན་དཔྱོད་མཆོག་ཏུ་དགེ་བའི་རབ་འབྱམས་གཙུག་ལག་སྨྲ་བའི་བཤེས་གཉེན་ཆེན་མོ་ཚུལ་ཁྲིམས་དགེ་རྒྱས་མཆོག་འདི་ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་ལ་མནྡལ་སྐུ་གསུམ་ཐུགས་རྟེན་དང་བཅས། དགོན་འདིའི་བཤད་གྲྭའི་མཁན་པོ་རུ་མངའ་གསོལ་མཛད།  བཤེས་གཉེན་ཁོང་ནི་སྐུ་ན་ཆུང་དུས་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་ཚོགས་གྲལ་ལ་ཞུགས་ཤིང་དགོན་འདིར་བཤད་གྲྭ་གསར་འཛུགས་སྐབས་ནས་མཚན་ཉིད་གྲྭ་ཚང་ལ་ཞུགས།  རིམ་བཞིན་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་བཅས་ལ་སྦྱོང་བརྩོན་ཆུ་བོའི་རྒྱུན་བཞིན་ལྷོད་མེད་མཛད་པའི་མཐུ་ཡིས། བསླབ་པ་སློབ་གཉེར་བྱེད་བཞིན་པའི་སྐབས་ནས་ཀྱང་དམ་པ་རྣམས་ཀྱིས་སྔགས་བརྗོད་ཀྱི་མེ་ཏོག་དང་མཁས་པ་རྣམས་ཀྱི་ཡིད་སྨོན་གྱི་མཐེ་བོང་སྒྲིང་སའི་སྐྱེས་བུ་ཞིག་ཡིན།  ཁྱུང་པོ་སྟེང་ཆེན་དགོན་གྱི་ཐེངས་དང་པོའི་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་ནས་བཟུང་འདི་གའི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་གྱི་ཐུགས་འགན་བཞེས་ཏེ་མདོ་དབུས་བསྟོད་སྨད་ནས་ཕེབས་པའི་སློབ་མ་རྣམས་ལ་བཅུ་རིག་ཤེས་བྱའི་མཚོ་མོར་རྐྱལ་བའི་རྣམ་དཔྱོད་འདབ་ལག་ཡོངས་སུ་རྒྱས་པར་མཛད་ཡོད།  ད་ལྟ་ད་དུང་ཡང་རྒྱལ་བསྟན་སྙིང་པོ་འཆད་རྩོམ་གསུམ་གྱི་འཕྲིན་ལས་སྐྱོང་བཞིན་བཞུགས་མུས་ཡིན།

བཤད་གྲྭའི་སློབ་དཔོན་བློ་གྲོས་རབ་གསལ།

དགེ་བཤེས་བློ་གྲོས་རབ་གསལ་མཆོག་ཁྱུང་པོ་སྟེང་ཆེན་དགོན་གྱི་

བཤད་གྲྭའི་སློབ་དཔོན་ཏུ་མངའ་གསོལ་མཛད།

    དགག་སྒྲུབ་ཤན་འབྱེད་གྱི་རྩོད་པའི་ཁོ་ལག་རབ་ཏུ་རྒྱས་ཤིང་མདོ་སྔགས་རིག་པའི་གཞུང་ལུགས་ཀུན་ལ་མཁས་པའི་གདེང་ཚད་བརྙེས་པའི་རྒྱས་དགེ་དགེ་བཤེས་བློ་གྲོས་རབ་གསལ་མཆོག་འདི་ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་ཚོགས་དབུས་སུ་བཤད་གྲྭའི་སློབ་དཔོན་གྱི་ཁྲི་ལ་མངའ་གསོལ་མཛད། ཁོང་ནི་དགོན་འདིར་རིག་གནས་ཀུན་གྱི་གཞི་མ་ཡི་གེའི་འབྲི་ཀློག་ཚུལ་བཞིན་བསླབ་ཅིང་། སྐུ་ཚེའི་ན་རིམ་དང་བསྟུན་བོན་གྱི་འཇུག་སྒོ་སྔོན་འགྲོ་དངོས་གཞི་དང་ལྷག་པར་དུ་དགོན་འདིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་བོན་ཕྱི་ནང་གསང་གསུམ་དང་རིག་པའི་གནས་ཀུན་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་མཁྱེན་དཔྱོད་ཀྱི་སྣང་བ་རྒྱས་པར་མཛད།  སྐབས་གཉིས་པའི་དགེ་བཤེས་ཀྱི་མཚན་གནས་བཞེས་པ་ནས་བཟུང་། དགེ་རྒན་གྱི་ཐུགས་འགན་བླངས་ནས་སློབ་ཚོགས་རྣམས་ལ་དཔེ་ཁྲིད་ཆུ་བོ་རྒྱུན་བཞིན་ཆག་མེད་མཛད་པས། བློ་གྲོས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་བུ་སློབ་གང་མང་སྐྱེད་སྲིང་གནང་ཡོད། སློབ་ཁྲིད་མཛད་པའི་བར་གསེང་ནས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བོན་གཞུང་ཟབ་མོ་ཁག་དང་བོད་ཀྱི་རིག་གནས་སྤྱི་ལ་སྦྱོང་པ་མུ་ཆགས་སུ་གནང་མོས་བཞིན་བཞུགས་ཡོད།








དགོན་པ་གཞུང་ནས་མཁན་སློབ་རྣམས་ལ་མནྡལ་སྐུ་གསུང་ཐུགས་རྟེན་འབུལ་བཞིན་པ།




ལྷ་སྡེ་སྤྱི་ནས་མནྡལ་སྐུ་གསུང་ཐུགས་རྟེན་འབུལ་བཞིན་པ།






2016/11/27 ཉིན་མཛད་རིམ་གནད་བསྡུས་སུ་སྦྲུལ་ཞགས་པས་བསྡུས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།