

གཡུང་དྲུང་བསྟན་པའི་སྲོག་འཛིན་རྗེ།།
མར་གྱུར་འགྲོ་བའི་དེད་དཔོན་དངོས།།
རྒྱལ་བ་སྨན་རིའི་མཁན་སློབ་ཟུང་།།
སྐུ་ཚེ་བསྐལ་བརྒྱའི་དཔལ་བརྟན་སྨོན།།

དུས་འགྱུར་ན་བུན་ཡལ་མཚམས་ནས།།
གཡུང་དྲུང་བསྟན་གླིང་བཀྲ་གསལ་འོད།།
ཞིང་འདིར་བསུ་བའི་རྗེ་བླ་མ།།
ཤེས་དགེ་དམ་པ་སླར་ཡང་དྲན།།
ཁྱུང་ཡུལ་ས་ཡི་ཐིག་ལེ་གནས་མཆོག་བྲག་དམར་རི་མདུན་ཞོལ་དུ་ཆགས་པའི་ ༧ དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཡོངས་གྲགས་སུ་ཁྱུང་པོ་སྟེང་ཆེན་དགོན་དུ་འབོད་པའི་གཡུང་དྲུང་བོན་གྱི་གྲྭ་ས་འདིར། ༧ སྐྱབས་རྗེ་མཁན་རིན་པོ་ཆེ་ཚོགས་གཉིས་རྒྱ་མཚོའི་ནོར་བུའམ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གི་རྨད་བྱུང་ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས། བོད་འབྱུང་ལྡན་ ༣༠༡ གི་ཤིང་ལུག་ལོའི་ཟླ་ ༡༠ པའི་ཚེས་ ༥ སྟེ། སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ཉིན་ནས་དགོན་འདིའི་ལོ་དུས་ཀྱི་རིམ་གྲོ་ཁྲོ་ཕུར་བོན་སྐྱོང་སྒྲུབ་པ་དང་། དད་ལྡན་སྦྱིན་བདག་རྣམ་པས་འདོན་སྐུལ་ཕུལ་བའི་གསོན་གཤིན་དགེ་སྡོང་ཆེན་མོ་ཀུན་རིག་ལས་བཞི་རྒྱུན་ལྔའི་དགེ་སྒྲུབ་དངོས་སུ་དབུ་བཙུགས་ནས་རྒྱས་འཚོགས་བྱ་རྒྱུ་ཡིན།

བསྟན་འཛིན་རྒྱུ་སྐར་བཀྲ་བའི་དབུས།།
འཕྲིན་ལས་འོད་ཟེར་འབུམ་སྤྲོས་པས།།
བོན་བསྟན་ཉིན་མོར་བྱེད་པ་ཡི།།
མཁན་མཆོག་འོད་ཟེར་སྦྱིན་པ་རྒྱལ།།

དེ་ཡང་སྤྱི་ཚེས་ ༡༦-༡༧ གཉིས་ལ་མཆོད་བཀོད་བཅའ་བཟོ་དང་། སྤྱི་ཚེས་ ༡༨ ནས་ ༣༠ ཐམས་པའི་བར་སྒྲུབ་གཞུང་བསྲངས་ཏེ་འཚོགས་བཞིན་ཡོད།


མཁས་བཙུན་བཟང་དང་འཆད་རྩོད་རྩོམ།།
ཅི་དགར་བསྒྱུར་བའི་དགེ་བའི་བཤེས།།
མཁན་སློབ་རྒྱལ་འཕགས་རྣམ་གཉིས་ཀྱི།།
མཛད་འཕྲིན་ཟླ་བའི་འོད་འདི་དྲིན།།
སྤྱི་ཚེས་ ༢༠ ནས་ ༢༥ བར་དགེ་བཤེས་དང་སྒྲུབ་ཐོན་རྣལ་འབྱོར་པའི་མཛད་སྒོ་ཡོད།
དེ་ཡང་སྤྱི་ཚེས་ ༢༠ ཉིན་བཀའ་རམས་པ་བསེ་ཚང་དྲང་སྲོང་རྣམ་དག་དོན་ལྡན་དང་། རུ་ཚ་དྲང་སྲོང་སོ་ཐར་བསྟན་འཛིན་རྣམ་གཉིས་ནས་གཙུག་ལག་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་སྤང་ལམ་མདོ་ཡི་བཤད་པ་དང་བཀྲ་ཤིས་གསོལ་རྒྱུ།
སྤྱི་ཚེས་༢༡ ལ་བཀའ་རམས་པ་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་གཡུང་དྲུང་དང་སྲིད་པ་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ནས་སྒྱུར་ལམ་སྔགས་ཀྱི་བཤད་པ་འབུལ་བ་དང་བཀྲ་ཤིས་གསོལ་རྒྱུ། ཉིན་གུང་ཆུ་ཚོད་༡-༣ བར་བོན་འཆད་གླིང་དུ་བོན་འཆད་ཁྲིད་སྤེལ་རྒྱུ་ཡིན་པས་དད་ལྡན་ལྷ་སྡེ་མི་མང་དུས་ཐོག་ཏུ་ངེས་ཕེབས་གནང་རོགས།
སྤྱི་ཚེས་༢༢ ཉིན་བཀའ་རམས་པ་ག་གཟི་དྲང་སྲོང་འགྱུར་མེད་ཚུལ་ཁྲིམས་དང་སྒང་རུ་དྲང་སྲོང་གཡུང་དྲུང་སེམས་དཔའ་རྣམ་གཉིས་ནས་གྲོལ་ལམ་རྫོགས་ཆེན་གྱི་བཤད་པ་དང་བཀྲ་ཤིས་གསོལ་རྒྱུ། ཉིན་གུང་ཆུ་ཚོད་ ༡-༣ བར་དད་ལྡན་མང་ཚོགས་རྣམས་ལ་བོན་འཆད་ཁྲིད་སྤེལ་རྒྱུ་ཡིན།
སྤྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་ << གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ>> གྱི་དཔེ་ཚོགས་ཆེན་མོ་གདན་འདྲེན་ཞུས་ཏེ་རབ་གནས་གསུང་རྒྱུ་དང་། ཕྱི་དྲོར་གཤེན་གྱི་བཀའ་རབ་འབྱམས་པ་རྣམ་པ་དམ་བཅའ་ཆེན་མོ་བཞུགས་རྒྱུ། ཉིན་གུང་ཆུ་ཚོད་༡-༣ བར་ལྷ་སྡེ་མི་མང་རྣམས་ལ་བོན་འཆད་ཁྲིད་སྤེལ་རྒྱུ་ཡིན།
སྤྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ལ་སྒྲུབ་ཐོན་རྣལ་འབྱོར་པའི་སྡེ་སྣོད་མཛོད་ཀྱི་ངག་རྒྱུགས་དང་བཤད་པ་འབུལ་བའི་མཛད་སྒོ་དང་། ཕྱི་དྲོར་རབ་འབྱམས་པའི་དངོས་གཞིའི་དམ་བཅའ་འཇོག་རྒྱུ་ཡིན།
སྤྱི་ཚེས་ ༢༥ ཉིན་སྔ་དྲོ་བཀྲ་ཤིས་དམ་བཅའ་དང་ཕྱི་དྲོར་དགེ་བའི་བཤེས་གཉེན་དང་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་རྣམས་ཁྲིར་བཞེངས་མངའ་གསོལ་མཛད་རྒྱུ། ཉིན་གུང་ཆུ་ཚོད་ ༡-༣ བར་དད་ལྡན་མང་ཚོགས་རྣམས་ལ་བོན་འཆད་ཁྲིད་སྤེལ་རྒྱུ་ཡིན།
སྒོ་བཞི་མཛོད་དང་ལྔ་ཡི་བོན།།
ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།།
རིན་ཆེན་སྣ་ལྔའི་གཏེར་བཞིན་དུ།།
འཛམ་གླིང་རྒྱན་དུ་སྤྲོས་འདི་རྨད།།
སྤྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་འདི་ག་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་བསྒྲིགས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་<<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ >> ཞེས་པའི་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་ཚོམས་ཆེན་མོའི་ཞལ་འབྱེད་མཛད་སྒོ་དང་འབྲེལ་དཔེ་ཚོགས་ཀྱི་རྩ་བའི་འགན་ཁུར་མི་སྣ་དང་སྦྱིན་བདག་རྣམས་ལ་གཟེངས་བསྟོད་ལེགས་གསོལ་དང་། ༢༠༡༥ ལོའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་འབྲས་ཨང་མཐོའི་སློབ་མ་རྣམས་ལ་གཟེངས་བསྟོད་ལེགས་མཚོན་འབུལ་རྒྱུ་བཅས་ཡིན། ཉིན་གུང་ ༡-༣ བར་དད་ལྡན་མང་ཚོགས་རྣམས་ལ་བོན་འཆད་ཁྲིད་སྤེལ་རྒྱུ་ཡིན། ཕྱི་དྲོར་འདི་གའི་བཤད་སྒྲུབ་འདུས་སྡེ་ནས་འདི་ལོའི་ལོ་འཁོར་བགྲོ་གླེང་ཆེན་མོ་འཚོགས་རྒྱུ།
སྤྱི་ཚེས་ ༢༧ ཉིན་ཞི་བ་ཨ་གསལ་གྱི་བཀའ་དབང་ཆེན་མོ་བསྐུར་རྒྱུ།
སྤྱི་ཚེས་ ༢༨-༢༩ ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྤྲིན་གྱི་མེ་སྤར་སྦྱིན་སྲེག་དང་། སྨོན་ལམ་ཆེན་མོ་གསུང་རྒྱུ་བཅས་ཡིན་པས་འདི་ལོའི་ཀུན་རིག་སྦྱིན་བདག་རྣམ་པ་ངེས་པར་དུ་ཕེབས་གནང་རོགས་ཞུ་བ་དང་། ཉིན་འདི་གཉིས་ལ་དུས་ཚོད་གང་འགབ་སྔར་བཞིན་བོན་འཆད་ཁྲིད་ཡོད་པས་དད་ལྡན་མང་ཚོགས་རྣམས་ནས་ཐུགས་འཇགས་འཚལ།
སྤྱི་ཚེས་ ༣༠ ཉིན་འདི་ལོའི་བཀྲ་ཤིས་རྟེན་འབྲེལ་བརྒྱ་ཕྲག་གིས་བརྒྱན་པའི་འཇུག་པ་སེམས་བསྐྱེད་ཀྱི་འཕྲིན་ལས་ཡོངས་སུ་མཇུག་གྲོལ་རྒྱུ་ཡིན་པས། ཁྱེད་དད་ལྡན་ལྷ་སྡེ་མི་མང་རྣམས་སྐུ་ཡི་དཀའ་ཚེགས་ལ་མ་འཛེམས་པར་དུས་ཐོག་ཏུ་གནས་འདིར་ཕེབས་ཤོག་དང་། ཡིད་ཀྱི་བུམ་བཟང་ནང་ཚེ་འདི་ཕྱི་གཉིས་ཕན་གྱི་གདམས་ངག་བདུད་རྩི་རེ་ལེན་དུ་ཡོད་པ་ནི་རང་གཞན་ཐམས་ཅད་ནས་སྐྱབས་བསླུ་བ་མེད་པ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་དད་གུས་མོས་གསུམ་གྱིས་འཇུག་པའི་སྟོབས་ཀྱིས་གྲུབ་བོ།།

མཆོད་སྦྱིན་ཚོགས་བསགས་བྱས་པ་དང་།།
རྨད་བྱུང་དགེ་མཚན་ཕྲག་བརྒྱ་ཡིས།།
ཡངས་པའི་རྒྱལ་ཁམས་འདི་ཉིད་ཀྱི།།
མི་མཐུན་རྒུད་ཚོགས་ཞི་བར་ཤོག།
མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ནས། ༢༠༡༥ ༡༡ ༡༩