༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 3 དམངས་སྲོལ།
3 དམངས་སྲོལ།
ཤེས་རབ་ཐབས་མཁས་རིན་པོ་ཆེའི་ཞབས་བརྟན་སྒྲུབ་སྐབས་ཀྱི་གནས་བསྡུས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:ཞུ་ཚང་སྐལ་བཟང་རྒྱལ་མཚན།] [གཟིགས་ཐེངས:]

དགེ་བཤེས་ཤེས་རབ་ཐབས་མཁས་རིན་པོ་ཆེའི་ཞབས་བརྟན་སྐུ་རིམ་སྒྲུབ་སྐབས་ཀྱི་གནས་བསྡུས།

 

    དེ་ཡང་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བའི་བཤེས་གཉེན་ཆེན་མོ་ཁྱུང་པོ་ཤེས་རབ་ཐབས་མཁས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཞབས་བརྟན་གྱི་ཆེད་དུ་སྤ་ཟླའི་སྡེ་དགོན་ཐུན་མོང་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་མཆོག་དང་སྨན་རིའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་རྣམ་གཉིས་ལ་སྐུ་ཕྱྭར་ཞུས་དོན་ལྟར།

    ༢༠༡༥ལོའི་ཟླ༤ཚེས་༨ཉིན་འགོ་བཟུང་སྟེ། ཞུ་ཚང་དགོན་གཞུང་དང་སྤུ་རྒྱལ་རིག་སློབ་ཁང་གི་འདུས་སྤྱི། སྤ་ཟླའི་གྲོང་ཚོ་ཁག་བཅས་ཐུན་མོང་མཉམ་འབྲེལ་གྱིས་བླ་གྲྭ་བཙུན་མ་བོན་གཤེན་གྲངས་ཉིས་བརྒྱ་མ་ཟིན་ཙམ་གྱིས།  ཀུན་གསལ་བྱམས་མ་དང་ཁྲོ་བོ་དབལ་གསས་རྔམ་པའི་སྲུང་ཟློག  གེ་ཁོད་སྲུང་ཟློག་དང་ཚོགས་བརྒྱ། དེ་བཞིན་སྲིད་པའི་རྒྱལ་མོ་དང་མི་བདུད་འབྱམས་པ་ཁྲག་མགོ་གཉིས་ཀྱི་སྟོང་ཚོགས་རེ་དང་། ཡི་དམ་སྟག་ལ་མེ་འབར་གྱི་ལས་མཐའ་ཆ་ཚང་དང་ཁྲི་ཚོགས་རྒྱལ་འབུལ་ཞུས་ཤིང་།

    ཚེས་༡༣ཉིན་དད་ལྡན་མང་ཚོགས་རྣམས་ལ་ཡི་དམ་སྟག་ལ་མེ་འབར་གྱི་ཟློག་དབང་ཁྲུས་སོགས་གནང་སྟེ། དགོང་མོར་ཛྭ་དང་གནམ་ལིང་འཕང་པ་སོགས་མཛད། 

    ཚེས་༡༤ཉིན་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོ་དགེ་བཤེས་འཕགས་མཆོག་སེམས་པ་མཆོག་གདན་ཞུ་བྱས་ཏེ་དེར་ཡོད་གྲྭ་བཙུན་བོན་གཤེན་ཡོངས་ལ་ཡི་དམ་སྟག་ལ་མེ་འབར་གྱི་ནང་དབང་བསྐུར་བ་དང་།  དགེ་བཤེས་མཆོག་གིས་ཐེངས་དེའི་དབང་དམ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་བསྩལ། 

   ཚེས༡༥ཉིན་དད་ལྡན་མང་ཚོགས་བརྒྱ་སྟོང་མང་པོ་ལ་དབང་སྐུར་གནང་ཐོག་ཞུ་བླ་རྣམ་རྒྱལ་གྲགས་པ་རིན་པོ་ཆེ་མཆོག་དང་། དགེ་བཤེས་འཕགས་མཆོག་སེམས་པ་རྣམ་གཉིས་ཀྱིས་སྐྱབས་འགྲོ་དང་སེམས་བསྐྱེད་གཙོས་པའི་གཡུང་དྲུང་བོན་གྱི་ལྟ་སྤྱོད་སྐོར་ནས་བཀའ་སློབ་ལམ་སྟོན་རྒྱ་ཆེར་གནང་བ་དང་།

    ཚེས༡༦ཉིན་ཞུ་དགོན་སྨིན་གྲོལ་གླིང་དང་སྤ་ཟླའི་མི་མང་ལྷ་སྡེ་ཡོaངས་དང་། སྤུ་རྒྱལ་རིག་སློབ་ཁང་གི་འདུས་སྤྱི་སོགས་སྤྱི་སྒེར་བདུན་བཅུ་ལྷག་གིས་དགེ་བཤེས་ཤེས་རབ་ཐབས་མཁས་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་མཎྜལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་ཞུས་ཤིང་། རིན་པོ་ཆེ་ཁོང་གིས་དེར་ཡོད་མི་མང་ཡོངས་ལ་འཚམས་འདྲི་ཐུགས་རྗེའི་ལེགས་གསོལ་གནང་བ་དང་།  ཁོང་གིས་བཀའ་སློབ་གསུངས་དོན། འདུས་སྡེའི་སློབ་གཉེར་བ་རྣམས་ཀྱིས་དུས་ཚོད་ཆུས་ཟོས་སུ་མི་གཏོང་བར་རང་ཉིད་ཀྱི་སྐབས་བབ་སྦྱང་བྱ་གང་ཡོད་པ་རྣམས་ལ་བརྩོན་པ་ལྷུར་ལེན་བྱེད་ནས་མ་འོངས་པར། མི་རིགས་དང་རིག་གཞུང་ལ་ཐུབ་ཚོད་ཀྱིས་ཞབས་ཞུ་སྒྲུབ་ཅིང་རང་ཉིད་ཀྱིས་འདུན་ལམ་མ་བོར་བར་དགོས་པ་དང་། བོན་གཤེན་རྣམས་ཀྱིས་ཀྱང་བོན་ཕྱི་ནང་གསང་གསུམ་གང་ཐད་ནས་ལོ་རེའི་ཁོམ་སྐབས་དང་བསྟུན་ནས་སྒོམ་སྒྲུབ་ཉམས་ལེན་གནང་སྟེ། གསོན་པོའི་སྐུ་རིམ་དང་། ཤི་བོའི་དགེ་སྐུལ་གང་ལའང་ཕན་ཐོག་ངེས་ཅན་ཞིག་ཐོན་པར་བྱེད་དགོས་ཤིང་། ལྷ་སྡེ་རྣམས་ཀྱིས་ཕན་ཚུན་འཁྲུག་རྩོད་མི་ཡོང་བར་མཐུན་སྒྲིལ་གྱི་དཔུང་པ་མཉམ་གཤིབ་དགོས་ཚུལ་སོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་མཐར། ཐེངས་འདིའི་གནས་ཚུལ་ཡོངས་སུ་མཇུག་གྲུབ་པ་བཅས།


ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་སྤེལ།
༢༠༡༥/༤/༡༧ ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།