༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ལོ་རྒྱུས། > 3 དེང་རབས།
3 དེང་རབས།
སྒོ་མཛོད་དཔེ་རྙིང་ལེགས་གྲུབ་བྱུང་བའི་མཛད་སྒོ་ཆེན་མོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:སྒོ་མཛོད་དཔེ་ཞུས་ཚན་པ་ནས།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་ ༧ གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་

ཁང་ནས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་སམ་རྒྱལ་བའི་

བཀའ་རིན་པོ་ཆེ་དཔར་སྐྲུན་ལེགས་གྲུབ་བྱུང་བའི་

མཛད་སྒོ་ཆེན་མོ།

 

 

མཛད་སྒོའི་རྒྱབ་ལྗོངས་རྣམ་པ།

 

 

མཛད་སྒོའི་ཚོགས་རའི་ཡུལ་དངོས།

 

 

    དེ་ཡང་འབྱུང་་ལྡན་༣༠༡དང་།  ཉག་མ་༣༡པ།  བོད་ཤིང་རྟ་ལོའི་སྤྱི་ཟླ་༡༡པའི་ཚེས་༡༩ཉིན།  ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་དུ།  ལོ་ལྟར་གྱི་དད་ལྡན་མང་ཚོགས་སྤྱི་ཡི་གསོན་གཤིན་གྱི་སྤྱི་རིམ་ཆེན་མོ་ཀུན་རིག་ལས་བཞི་རྒྱུན་ལྔའི་ཚོགས་བསགས་རྒྱས་འཚོགས་དང་ཆབས་གཅིགསྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་སམ་བོན་གྱི་བཀའ་འགྱུར་རིན་པོ་ཆེར་མངའ་དབུལ་རབ་གནས་རྒྱས་པའི་དབུ་བཙུག་ནས། ཚེས་༢༤ཉིན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པ་སྟེ།  རྒྱལ་བའི་བཀའ་འགྱུར་རིན་པོ་དག་བཞེངས་ལེགས་གྲུབ་བྱུང་བའི་ཞལ་འབྱེད་དགྱེས་སྟོན་གྱི་མཛད་སྒོ་ཆེན་མོ་སྤེལ་བ་སྟེ།  ཉིན་དེའི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག  ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་པ་རྒྱ་མཚོའི་ཚོགས་རྣམས་སེར་ཕྲེང་བསྒྲིགས་ཏེ་བཀའ་རིན་པོ་ཆེ་མཛད་སྒོའི་ཚོགས་ར་ཆེན་མོར་གདན་འདྲེན་བྱས།

 

 

    དེ་ནས་མཛད་སྒོའི་དབུ་བཞུགས་སུ་ཕེབས་པའི་བསྟན་འཛིན་སྐྱེས་ཆེན་ཁག་དང་།  སྒོ་མཛོད་དཔེ་རྙིང་གི་མ་དཔེ་གཡར་མཁན།  སྒོ་མཛོད་དཔེ་རྙིང་ལ་མཐུན་རྐྱེན་སྦྱོར་བའི་སྦྱིན་བདག་རྣམ་པ།  མཛད་སྒོར་ཆེད་ཕེབས་ཀྱི་སྐུ་མགྲོན་དད་སྦྱིན་ལྷ་སྡེ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས།

 

 

མཛད་སྒོའི་འབྲེལ་མཐུད་པ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་ནས་འཚམས་འདྲིའི་བདེ་ལེགས་ཀྱི་ཁ་གཡང་དང་མཛད་སྒོའི་ངོ་སྤྲོད་རགས་བསྡུས་གནང་།

 

 

དེ་ནས་ཐུན་མིན་གྱི་གཟི་རྟགས་མངའ་བའི་མཆོག་སྤྲུལ་བསྟན་འཛིན་བཟོད་པ་རིན་པོ་ཆེས་བོད་རྒྱ་དབྱིན་གསུམ་ལམ་ནས་སྒོ་མཛོད་དཔེ་རྙིང་ལེགས་གྲུབ་བྱུང་བར་ཤིས་བརྗོད་གསུངས་ཏེ་མཛད་སྒོ་དབུ་འབྱེད་གནང་།

 

 

བསྐལ་པ་གྲངས་མེད་ཚོགས་གཉིས་བསགས་པའི་མཐུས།།
བསྐལ་སྟོང་སངས་རྒྱས་དབུས་ནས་ཐུ་བོ་ཆེ།།
བསྐལ་བཟང་རྣམ་འདྲེན་རྒྱལ་བ་གཤེན་རབ་མཆོག།
བཀའ་དྲིན་བསམ་བཞིན་སྙིང་ནས་དད་གུས་འཕེལ།།

ཨེ་མ།
  བླ་རི་གངས་དཀར་ཏི་སེ་ལས་ཀྱང་གཟི་དཔལ་མཐོ་ཞིང་བརྗིད་པ།
བླ་མཚོ་མ་པང་གཡུ་མཚོ་ལས་ཀྱང་དོན་གཏིང་ཟབ་པ།
མཐའ་མེད་ནམ་མཁའ་འདིས་ཀྱང་དོན་གྱི་བརྗོད་བྱ་རྒྱ་ཆེ་བ།
ཕན་བདེ་ལེགས་ཚོགས་ཡིད་བཞིན་འབྱུང་བའི་སྒོ།

སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་འདི་ནི།  ལུས་ཅན་འགྲོ་བ་ཀུན་གྱི་སྤྱི་མགོན་སྟོང་ཉིད་སྙིང་རྗེའི་རང་གཟུགས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་བརྩེ་ཆེན་ཡེ་ཤེས་ཀློང་ནས་འཁྲུངས་པའི་ཞལ་གསུང་འཁྲུལ་མེད་མ་བགོས་སྤྱི་བཞག་གི་ནོར་བུ་རྩ་ཆེན་ཞིག་ཡིན་ནའང་།  གདུལ་བྱའི་བསོད་ནམས་ཆ་ཕྲས་དབང་གིས་མ་ཐེག་པ་འདི་ལ་དུས་ལོག་འཕོ་འགྱུར་གྱི་གཉན་འཕྲང་དུ་མ་འཕྲད་མྱོང་ཡོད་ཅིང་།  དེའི་སྐབས་སྔོན་བྱོན་གྲུབ་རིག་རྣམས་ཀྱིས་དཀའ་སྡུག་ཚད་མེད་སྤྱད་ཅིང་ཚེ་སྲོག་གི་འགྲོ་གྲོན་མང་པོ་གཏོང་མྱོང་ཡོད། དེར་བརྟེན་སྐྱབས་རྗེ་འོད་ཟེར་སྦྱིན་པའི་ཐུགས་བསྐྱེད་ཟབ་མོས་དབུ་ཁྲིད་འོག་དཔེ་རྙིང་ཕྱོགས་སྒྲིག་ལས་དོན་མི་སྣས་ཕྱོགས་ཀུན་ནས་དཔེ་རྙིང་འཚོལ་བསྡུ་བྱས་ཏེ། དཔེ་ཆ་མང་པོ་འདྲ་བསྡུར་དང་ཆད་ལྷག་ནོར་འཁྲུག་རྣམས་ཁ་བསྐངས་དག་སྒྲིག་བྱས་ཏེ་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་སྤེལ་གནང་ཞིང་།  དད་ལྡན་དུད་ཚང་རེ་རེའི་ནང་དུ་རིན་བྲལ་གྱི་ནོར་བུ་རེ་རེར་བཤམ་པའི་སྐལ་བཟང་སྟེར་ལ་ཉེ་བ་འདི་ནི་ཕྱི་རབས་འགྲོ་ལ་བཀའ་དྲིན་གཞལ་ཟླ་བྲལ་ཞིང་རླབས་ཆེན་གྱི་མཛད་པ་རྗེས་བཞག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད།
འདི་ནི་རྒྱལ་བ་མཆོག་གི་རྗེས་བཞག་ལུང་གི་བོན།།
འདི་ནི་འདི་ཕྱི་ཕན་བདེ་ལེགས་ཚོགས་འབྱུང་བའི་སྒོ།།
འདི་ནི་རྣམ་དཔྱོད་ཤེས་རབ་སྟེར་བའི་དགེ་རྒན་དངོས།།
འདི་ནི་རྨོངས་པའི་ལྐུགས་པ་ཁ་འབྱེད་ལྡེ་མིག་ཡིན།།

འོ་ལགས།།
དེ་རིང་མཁའ་ལ་ཉི་ཟླ་གཟའ་སྐར་གྱི་འཕྲོད་བཟང་།།
  ས་ལ་དུས་ཚོད་བག་དྲོ།།
བར་ན་ལྷ་མི་གཤེན་གསུམ་འཛོམས་པའི་བཟང་གསུམ་རྟེན་འབྲེལ་གྱི་ཉིན་མོ་འདིར།།
ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་གིས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་སྒོ་འབྱེད་སྐལ་བཟང་དུས་སྟོན་གྱི་ཉིན་མོ་འདིར།  ཁོ་བོས་སྤྲོ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།  མ་འོངས་པར་བསྟན་པ་འདི་ཉིད་ཕྱི་ཡི་ནམ་མཁའ་འབྱུང་འཇིག་མ་སོང་བར་འགྱུར་མེད་བརྟན་པར་བཞུགས་ཤིང་འདི་ལ་ཐོས་བསམ་བྱི་དོར་བྱེད་མཁན་ས་གཞི་ཡི་རྡུལ་གྲངས་བཞིན་འཕེལ་བའི་བཀྲ་ཤིས་བདེ་ལེགས་ཤོག།
ཁྱད་པར་དུ་ད་ལྟའི་དུས་རབས་ཀྱི་སྟོན་པ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་དང་ལས་འདིའི་བྱེད་པོ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་གཙོས་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་དགོངས་བཞེད་གེགས་མེད་ཡིད་བཞིན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཤོག།

 

    དེ་ནས་གངས་ཅན་པའི་སྤྱི་སྲོལ་ལ་མཛད་སྒོ་གང་ཞིག་གི་དབུ་རུ་བཀྲ་ཤིས་རྟེན་འབྲེལ་ཟས་སྣ་དྲངས་ཏེ་དབུ་བཙུགས་པ་ལྟར་སྒོ་མཛོད་དཔེ་རྙིང་ལེགས་བསྒྲིགས་ཀྱི་ལས་བྱ་ནི་ཐོག་མཐའ་བར་གསུམ་དུ་དཀར་པོ་མཚོན་བྱེད་དུ་དཀར་ཟས་ཞོ་ཡི་སྟོན་མོ་མགྲོན་བཞི་ཡོངས་ལ་འགྱེད།

ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་ཉེར་བདུན་པ་༧སྐྱབས་རྗེ་བླ་མ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་།  ཁྱུང་པོ་ཀོ་རྒྱལ་དགོན་གྱི་ཁྲི་འཛིན་བླ་མ་རིན་པོ་ཆེ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ།  ཁྱུང་པོ་རྩེ་དྲུག་དགོན་གྱི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་མཆོག་དང་།  ཁྱུང་པོ་ཀ་ལེགས་དགོན་གྱི་ཁྲི་འཛིན་བླ་མ་ཚེ་དབང་སྟོབས་རྒྱལ་མཆོག  ཁྱུང་པོ་གཡུང་དྲུང་དཔལ་རི་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་མཆོག  ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་རྒྱལ་བ་རིན་པོ་ཆེ་མཆོག  ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་མཁན་པོ་འཕགས་མཆོག་རིན་པོ་ཆེ།  ཤིང་རོང་སྦས་ཐོ་དགོན་པའི་ཁྲི་འཛིན་མཁན་པོ་གཡུང་དྲུང་ཉི་མ།  ཚ་རོང་གུར་མདུན་དགོན་པའི་ཁྲི་འཛིན་མཁན་པོ་གཡུང་དྲུང་དཔལ་ལྡན་གཙོས་པའི་ས་ཕྱོགས་ཁག་ནས་ཕེབས་པའི་བླ་མ་དགེ་བཤེས་བསྟན་འཛིན་སྐྱེས་བུ་རྣམ་པ་དང་།  དེར་འཁོད་གཤེན་སྡེ་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་རིན་པོ་ཆེར་དངོས་སུ་ཞལ་འབྱེད་གནང་།

 

  

    དེ་ནས་གཡུང་དྲུང་བོན་གྱི་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་སྤྱི་ཁྱབ་འགན་འཛིན་པ།མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་དཔེ་རྙིང་དག་སྐྲུན་གྱི་དགོངས་རིམ་དང་བཀའ་སློབ་གསུངས།

 

དེ་ནས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོག་བསྒྲིགས་ཀྱི་གཙོ་སྒྲིག་པ་དགེ་བའི་བཤེས་གཉེན་ཆེན་མོ་མཁས་དབང་ཀུན་བཟང་རྒྱལ་མཚན་མཆོག་ནས་བཀའ་དང་བཀའ་བརྟེན་དཔར་སྐྲུན་སྐབས་ཀྱི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུངས།

 

དེ་རིང་འདིར་ཕེབས་པའི་ལྷན་རྒྱས་རྣམ་པ་ཡོངས་ལ།  དུས་ཚོད་དང་མཛད་སྒོ་འདི་དང་འབྲེལ་བའི་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།  ཚང་མ་བཀྲ་ཤིས་བདེ་ལེགས།

སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་ལེགས་སྒྲུབ་བྱུང་བའི་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་ཞུ་རྒྱུ།  སྡེ་ཚན་གསུམ་གྱི་སྒོ་ནས་བྱེད་རྒྱུ་ཡིན།

༡༽སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་སམ་རྒྱལ་བའི་བཀའ་ཡི་སྐོར་གང་རྙེད་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྨང་གཞི་གྲུབ་རིམ་སྐོར་གྱི་ལོ་རྒྱུས་མདོར་བསྡུས་སུ་ཞུ་རྒྱུ་དང་།  

༢༽འདས་པའི་རྨང་གཞི་གྲུབ་པ་དེ་ལ་བརྟེན་ནས་ད་ལྟའི་དཔེ་རྙིང་རྣམས་བསྡུ་རུབ་བྱས་ཏེ་བསྒྲིགས་ཚུལ་ཇི་ལྟར་བྱས་པ་དང་འབྲེལ་བའི་གསལ་བཤད་བྱེད་རྒྱུ།  

༣༽ཡོངས་སུ་ལེགས་སྒྲུབ་བྱུང་བའི་དཔེ་རྒྱུན་འདི་དང་འབྲེལ་བའི་མ་འོངས་པའི་དམིགས་གཏད་བྱེད་ཕྱོགས་སྐོར་གྱི་ཚོད་དཔགས་ཀྱིས་རེ་བ་དང་འཆར་འགོད་གང་དགོས་ཕྱོགས་སྟོན་བྱེད་པའི་བསམ་ཚུལ་བཤད་རྒྱུ་དང་གསུམ་གྱི་སྒོ་སྙན་སྒྲོན་འབུལ་རྒྱུ་ཡིན།  དེ་ལ་ཐོག་མར་གཡུང་དྲུང་བོན་ཞེས་པའི་བརྡ་ཁྱད་སྦྱར་བའི་གཞི་གང་ལ་བྱ་ཟེར་ན།  དཔྱད་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་ལུས་ཅན་གྱི་སྒྲུབ་པ་སེལ་བའི་རྣམ་དཀར་གྱི་ཡོན་ཏན་དེ་ལ་ཟེར་བ་ཡིན།  དེ་ནི་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལ་རྣམ་པར་རྒྱལ་བ་དེ་ཉིད་ལ་ཕུགས་ཐུག་ཡོད། སྟོན་པ་དེ་ཉིད་ཡང་སེམས་ཅན་རང་ཁ་མ་ཞིག་ནས།  ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།  བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས།  ཐ་མར་མངོན་པར་རྫོགས་པའི་སངས་རྒྱས་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རུ་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ཏེ། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ།  ཞག་གི་སྙིང་པོ་ཚེས་བཅོ་ལྔ།  དུས་ཚོད་དང་པོ་ནམ་ལངས་ཡོས་ལ།  ལྷོ་རྒྱལ་འཛམ་བུའི་གླིང་གི་གནས་མཆོག་དམ་པ་འོལ་མོ་ལུང་རིང་དུ་། སྐུ་མཆོག་མངོན་པར་འཁྲུངས་ནས།  མི་ལོ་༡༨༠༣༡ཕྱིན་ཡོད།  སྟོན་པ་ཉིད་ནས་ཐེག་པ་རིམ་དགུ།  སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་གཏན་ལ་ཕབས་ནས། འགྲོ་བའི་སྡུག་བསྔལ་སེལ་བའི་བསྟན་པ་རྗེས་སུ་བཞག་པ་རྣམས།  མདོར་བསྡུས་ན།  ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གཉིས་ལ་འདུས་ཡོད།  ལུང་གི་བསྟན་པ་རིན་པོ་ཆེ་ནི།  རྒྱལ་བའི་གསུང་པའི་བཀའ་ཚད་མ་སྟེ། བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་ཞིག་ལ་གོ་དགོས།  བཀའ་དེ་ཡི་གསལ་བྱེད་དམ་བཀའ་ཡི་དགོངས་དོན་གསལ་བྱེད་པའི་འགྲེལ་བ་སྟེ།  སྟོན་པའི་རྗེས་འཇུག་གིས་གཙོ་བོར་བཀའ་བརྟེན་བརྩོམ་པའི་བསམ་པས་ཀུན་ནས་བསླངས་སྟེ།  བསྟན་པའི་གསལ་བྱེད་དུ་དམིགས་སྟེ་བསྡེབ་པའི་ཚིག་སྦྱོར་གྱིས་མཚོན་བྱར་གྱུར་པ་དེ་ནི།  བཀའ་བརྟེན་ཡིན་ནོ།།  དེ་ལྟར་ལུང་གི་བོན་ལ་བཀའ་དང་བཀའ་བརྟེན་གཉིས་སུ་ངེས་པ་ཏེ།  ལུང་གི་བོན་དེ་ལ་བརྟེན་ནས་གང་ཟག་སོ་སོའི་ཁམས་དང་དབང་པོ་འཚམས་པར་རྟོགས་པའི་བོན་རྒྱུད་ལ་སྐྱེ་ནས་གདུལ་བྱའི་འགྲོ་བ་ཁ་ལོ་བསྒྱུར་དགོས་པ་ནི།  བསྟན་པ་འཛིན་སྐྱོང་བྱེད་པའི་གོ་རིམ་གནད་དུ་སོང་བ་ཡིན་ཚུལ་སོགས་ཀུན་མཁྱེན་ཉི་མ་བསྟན་འཛིན་གཙོས་པའི་མཁས་དབང་རིམ་བྱོན་རྣམ་པས་གསུང་གི་ཚད་མ་དཔང་དུ་འཇོག་ཆོག།  ལུང་གི་བསྟན་པའི་བྱུང་རིམ་གྱི་དབང་དུ་བྱས་ན།  ཐོག་མར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ནས་བཟུང་ད་ལྟའི་བར་རྒྱུད་མ་ཆད་པའི་ལོ་རྒྱུས་ཀྱི་འགྲོས་ལ།  དུས་ཀྱི་གཉན་འཕྲང་མང་པོའི་འགོག་རྐྱེན་ངན་པའི་དབང་གིས། མ་ནུབ་པའི་ལོ་རྒྱུས་ཐུན་མོངས་མིན་པ་སྟེ།  བཀའ་གཏེར་སྙན་གསུམ་ལས།  གཏེར་དང་སྙན་རྒྱུད་གཉིས་ཀྱི་ཁོང་གཏོགས་བྱོན་པ་མང་དུ་ཡོད་སྟབས།  དེ་ལ་ཐུན་མོངས་ཀྱི་བཤད་སྟངས་དང་མ་འདྲ་བའི་དམིགས་གསལ་ཤིན་ཏུ་ལྐོག་གྱུར་བོན་གྱི་འགྲོ་སྟངས་དང་མཐུན་པའི་ཡིད་ཆེས་རྗེས་དཔགས་ཚད་མའི་གཞལ་བྱར་གྱུར་པའི་རྟོགས་བྱ་ཡིན་པས།  ཚུར་མཐོང་ཐ་མལ་པའི་དབང་ཤེས་ཚད་མ་ཁོ་ནས་ཁ་ཚོན་ཆོད་པ་ཞིག་གཏན་ནས་མ་ཡིན་ནོ།། དེ་ལྟར་གྱི་ལོ་རྒྱུས་བཤད་པ་རྣ་བར་མི་ཤོང་བའི་ཁམས་དང་མོས་པ་ལྡན་པ་ཡོད་མུས་དང་ཡོད་ཆོག་ཀྱང་།  དེ་ནི་སྐབས་སུ་བབས་པའི་ལས་སྨོན་བསོད་ནམས་དང་འབྲེལ་བའི་ཁོར་ཡུག་གི་ཕྱི་རོལ་གྱུར་པ་ཡིན་པས། བཙན་དབང་གིས་འདི་ལ་བསྐུལ་བ་དང་འཇུག་པ་བྱས་ན།  དོན་གྱི་འབྲས་བུ་གང་ཡང་མེད། དེས་ན་དམིགས་གསལ་གྱི་ལས་སྨོན་དང་འབྲེལ་བའི་ལོ་རྒྱུས་དང་བྱུང་རིམ་རྒྱུ་མཚན་ལྡན་པ་བཤད་པ་དང་ཉན་པ་ལ།  དོན་ཡོད་པ་དང་འབྲས་བུ་ཡོད་པའི་གསང་ལམ་ཐུན་མོངས་མིན་པ།  ཡིད་ཆེས་རྗེས་དཔག་ཚད་མའི་གཞལ་བྱ་མཐོང་བའི་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པའི་ལོངས་སུ་སྤྱོད་བྱ་ཁོ་ནར་ཡིན་པས།  དེ་དང་འབྲེལ་བའི་འཁོར་ཡུག་གི་རྟེན་དང་བརྟེན་པ་མཐུན་པའི་གདུལ་བྱའི་ཁམས་དང་མོས་དབང་མཐུན་པའི་ཚོགས་ལ་ཉན་བཤད་ཐོས་བསམ་བྱེད་པ་ལས།  དེ་ལས་ཕྱི་རོལ་དུ་གྱུར་པའི་གནས་མ་ཡིན་པ་དག་ལ།  རྩོད་དང་རྩོད་པའི་ནན་སློང་ཨུ་ཚུགས་མཐའ་སྐྱེལ་མ་ཡིན་པར།  སྣང་མེད་བཏང་སྙོམས་སུ་འཇོག་ཤེས་དགོས་པ་ནི།  སངས་རྒྱས་བསྟན་པའི་བྱུང་རབ་གླེང་བའི་གནད་གསང་ངོ་མ་ཞིག་ཡིན་པར་སྙམས་སོ།།  བསྟན་པའི་བྱུང་རབས་སྨྲ་བའི་མོས་པའི་སྐལ་པ་ལྡན་པའི་ཁོར་ཡུག་ནང་མའི་གླིང་ན་བཤད་པའི་དབང་དུ་བྱས་ཏེ། སྟོན་པ་གཤེན་རབ་མི་བོའི་ལུང་གི་བསྟན་པ་རིན་པོ་ཆེའི་བྱུང་རབ་མདོར་བསྡུས་ཙམ་སྨོས་ན།  སྟོན་པ་མཆོག་གིས་བོན་གྱི་འཁོར་ལོ་གསུམ་དང་།  སྒོ་བཞི་མཛོད་ལྔ།  ཐེག་པ་རིམ་དགུ་སོགས་གསུངས་ཏེ།  སེམས་ཅན་བདེ་ལ་བཀོད་ནས།  སྤྱི་ལོའི་སྔོན་༧༨༡༧ཆུ་ཡོས་ལོར་སྐུ་མི་རྟག་མྱ་ངན་ལས་འདས་པའི་རྗེས་སུ་སྟེ།  སྤྱི་ལོའི་སྔོན་༦༠༡༦ལོར་གདུང་སོབ་མི་ཆོ་ལྡེམ་དྲུག་བྱོན་པ་གཙོས། རྒྱལ་བའི་བཀའ་བསྡུ་བ་པོ་རྣམ་པས།  མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་ནས་བསྡུས་པ་དང་།  དེ་དག་གི་དགོངས་འགྲེལ་བཀའ་བརྟེན་བརྩམས་ཤིང་སློབ་ཚོགས་བསྐྱངས་པ་རྣམས་ལས་མཆོག་གྱུར་འཛམ་གླིང་བསྟན་པའི་རྒྱན་དྲུག་ཅེས་གྲགས་པ་བྱུང་སྟེ། རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ།  ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཙ།  སུམ་པ་འགུ་ཧུ་ལུ་སྤ་ཡ།  རྒྱ་གར་ལྷ་བདག་སྔགས་གྲོལ། རྒྱ་ནག་ལེགས་བཏང་རྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམ་དྲུག་གིས་བོན་རྣམས་རང་རང་གི་ཡུལ་དུ་སྤྱན་དྲངས་ནས་བསྟན་པ་སྤེལ་ལོ།།  དེ་ནས་རིམ་བཞིན་ཞང་ཞུང་དང་བོད་དུ་བསྟན་པ་དར་བ་སྟེ།  སྤྱི་ལོའི་སྔོན་༡༡༩༦ཤིང་བྱི་ལོར་རྟག་གཟིགས་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་འདུལ་བའི་ཡིག་ཆ་དང་། སྟོན་པའི་འཕེལ་གདུང་ཤ་རི་རམ་ལྔ་བརྒྱ་བཅས་བསྣམས་ནས་རྟག་གཟིགས་ནས་ཞང་ཞུང་དུ་ཕེབས་ཏེ།  སོ་ཐར་གྱི་རྒྱུད་པ་སྤེལ་ནས་རབ་བྱུང་གི་སྡེ་བཙུགས། དུས་སྐབས་དེའི་སྔོན་ཙམ་ནས་སྔགས་རྫོགས་ཀྱི་བསྟན་པ་ཞང་ཞུང་དུ་དར།  ཞང་ཞུང་གི་སྐད་དང་ཡི་གེ། ཤེས་རིག་བཅས་རང་སྐྱ་ཐུབ་པས་ཁྱིམ་མཚེས་རྒྱལ་ཁབ་གཞན་ལ་འབྲེལ་འགྲན་ཆོག་པའི་རྒྱལ་ཁམས་ཅན་དུ་མཆིས། དེར་བཞུགས་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་རིང་ལ་གཡུང་དྲུ་བོན་གྱིས་མངའ་དབང་བསྒྱུར་བར་གནས་ཤིང་།  སྟོད་ཁ་ཆེའི་ཡུལ་མཚམས་ཕྱིན་དང་། བྱང་ཧོར་གྱི་གངས་རྒྱུན་ཚུན་ཆད།  སྨད་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད།  ལྷོ་རྒྱལ་བལ་དང་འབྲེལ་བའི་ས་དང་ཚུན་ལ་ཞང་ཞུང་རྒྱལ་ཁམས་ཀྱི་གཞི་ཁྱོན་ཁྱབ་ཅིང་།  ཞང་ཞུང་གི་ཁྲི་སྡེ་དང་།  བོད་ཀྱི་སྟོང་སྡེ་ཞེས་པ་སྐབས་དེ་དུས་ཀྱི་ཞང་བོད་སོ་སོའི་མངའ་འབངས་ཆེ་ཆུང་གི་མཚོན་ཚིག་མངོན་གསལ་ཅན་ཞིག་ཡིན་པར་སྣང་།  སྟོན་པ་ཞལ་བཞུགས་སྐབས་སུ་བདུད་ཆེན་ཁྱབ་པས་རྐྱེན་བསྐུལ་བྱས་ཏེ།  བོད་ཡུལ་དུ་ཕེབས་སྐབས། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་།  ཡུག་ཕུད་པ།  འདྲེ་བཀར་བ་སོགས་རྒྱུ་བོན་ཕྲན་ཚེགས་ཙམ་ལས་ཞུ་སྐལ་མ་ལྡན་ནའང་སྟོན་པས་ནམ་ཞིག་ཐེག་དགུ་ཆ་ཚང་སྤྱོད་པའི་སྨོན་ལམ་མཛད་ནས་རྒྱུུ་བོན་དར། བོད་རྗེ་གཉའ་ཁྲི་བཙན་པོ་སྤྱི་ལོའི་སྔོན་༡༡༣༦ཤིང་བྱི་ལོར་བྱོན།  དེའི་སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱིས་མཛད། མུ་ཁྲི་བཙན་པོ་སྤྱི་ལོའི་སྔོན་༡༠༧༤མེ་སྟག་ལོར་སྐུ་འཁྲུངས།  དེས་ཀྱང་གོང་གི་སྐུ་གཤེན་ཉིད་ལ་གསང་སྔགས་ཀྱི་བོན་སྡེ་ཞུས་ནས་ཉམས་སུ་བླང་།  ཞང་ཞུང་ཡུལ་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས།  བོན་གྱི་མདོ་སྔགས་སེམས་གསུམ་རྒྱུད་ལུང་དུ་མ་ཞང་སྐད་ལས་བོད་སྐད་དུ་བསྒྱུར། འདུ་གནས་སོ་བདུན་སོགས་སྒྲུབ་སྡེ་དུ་མ་བཙུགས་ནས་རྒྱལ་པོ་རང་ཉིད་ཀྱིས་བོན་སྡེ་ཕྱི་ནང་གསང་གསུམ་ཉམས་བཞེས་མཛད་ནས་གྲུབ་པ་ཐོབ་བོ།།  དེ་ནས་བཟུང་གངས་ཅན་བོད་ཀྱི་ལྗོངས་སུ་ཆབ་སྲིད་འཛིན་པའི་རྒྱལ་པོ། གནམ་གྱི་ཁྲི་བདུན།  བར་གྱི་ལྡིང་གཉིས།  ས་ལ་ལེགས་དྲུག།  ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ།  རིག་པ་ཅན་གྱི་རྒྱལ་པོ་བཞི་བཅས་རྒྱལ་རབས་སོ་གཉིས་རིང་།  ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་རིགས་བསྒྱུར་བའི་ལོ་པན་རེ། བྱ་བཞག་ཐབས་ཀྱི་གསས་ཁང་རེ་བཞེངས་ནས་རྒྱལ་ཁྲིམས་བོན་དང་བསྟུན་ནས་སྲིད་ཀྱི་ཕྲིན་ལས་བསྐྱངས་སོ།།  སྐབས་དེ་དུས་སུ་གཡུང་དྲུང་བོན་ལ་ཐོས་བསམ་སྒོམ་གསུམ་དང་།  འཆད་རྩོད་རྩོམ་པའི་བྱས་པ་མངོན་གྱུར་བ།  ཟག་ཕུང་འོད་དུ་དེང་བའི་འཇའ་ལུས་འཕོ་ཆེན་ཉེར་བཞི་དང་།  རིག་འཛིན་གྲུབ་ཆེན་བརྒྱད་ཅུ་།  གྲུབ་ཐོབ་མཐུ་ཆེན་མི་དགུ་སོགས་བྱོན་ནས།  ཕས་ཀྱི་རྒོལ་བ་སྒྲས་ཚར་བཅད།  ནད་ཀྱིས་གདུང་བ་སྨན་གྱིས་གསོས།  གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོས། རྒས་རྒུད་འཆི་འཕོས་རྩིས་ཀྱིས་བཏུལ་ཏེ་རིག་པའི་གནས་ལྔས་རྒྱལ་ཁམས་འཛིན་སྐྱོང་བྱས་སོ།།  སྤྱི་ལོ་༧༡༨ས་རྟ་ལོར་བོད་རྒྱལ་ཁྲི་སྲོང་སྡེ་བཙན་སྐུ་སྐྱེ་བཞེས་ནས་བོད་ཀྱི་སྲིད་དབང་སྲོལ་རྒྱུན་དུ་མ་གནས་པར་གསར་གཏོད་དང་འབྲེལ་བའི་བྱ་ཐབས་ནང་།  སྒྱུ་ཐབས་ཀྱིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས།  རྒྱ་གར་གྱི་ལོ་ཙ་བ་དུ་མ་གདན་དྲངས་ནས་རིག་གཞུང་གི་ཁུངས་ལུང་རྒྱ་བལ་དུ་བཅོལ་སྟབས།  སྔར་སྲོལ་གཡུང་དྲུང་བོན་ལུགས་ཀྱི་རིག་གཞུང་ཡོངས་ཁྱབ་དུ་སྤྱོད་དབང་མེད་པར་བསྣུབས་ཀྱང་དད་ལྡན་བོན་གཤེན་རྣམ་པས་གསང་ཐབས་ཀྱིས་གཏན་ནུབ་མི་འགྱུར་ཕྱིར་སྤྱི་ལོ་༧༤༩ས་གླང་ལོར་གཏེར་དུ་སྦས།  སྐབས་དེ་དུས་ཀྱང་གཏེར་དུ་མ་སོང་བ་ཡང་ཡོད་དེ།  ཞང་ཞུང་སྙན་རྒྱུད་དང་།  ཞང་ཞུང་མེ་རི་སོགས་དམངས་ཁྲོད་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་བོན་བཀའ་མ་ཞེས་པ་ཡང་ཡོད།  སྤྱི་ལོ་༩༠༡ལྕགས་བྱ་ལོར་བོད་རྒྱལ་ལྷ་སྲས་དར་མས་བོད་ཀྱི་སྲིད་དབང་སྔར་སྲོལ་བཅོས་བསྒྱུར་བྱས་བརྟེན་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ལ་འགྱུར་བ་རྒྱ་ཆེར་བྱུང་སྟབས།  སྤྱི་ལོ་༩༡༣ཆུ་བྱ་ལོར།  ལྷོ་བལ་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ལྷ་ཁང་ནས་སྔར་སྦས་ཀྱི་ཟབ་གཏེར་བཞེས་པས་དེ་ནི་ཐོག་མ་ཡིན། དེ་ནས་རིམ་བཞིན། ཨ་ཙ་ར་མི་གཉིས།  ཤར་པ་རྣལ་འབྱོར།  རྗེ་བཙུན་ཁྲོ་ཚང་འབྲུག་འབྲུག་ལྷ།  དྲང་རྗེ་བཙུན་པ་གསེར་མིག།  སྤྲུལ་སྐུ་གཤིན་ཆེན་ཀླུ་དགའ།  ཁྱུང་པོ་གྱེར་ཆེན་བདག་མེད། གཏེར་སྟོན་ཁུ་ཚ་ཟླ་འོད།  མགར་སྟོན་ཁྲོ་རྒྱལ།  གཉན་འཐིང་ཤེས་རབ་རྡོ་རྗེ།  དབང་ལྡན་གཤེན་སྲས།  གཞོད་སྟོན་དངོས་གྲུབ་གྲགས་འབར།  མཚན་ལྡན་དྲུང་མུ་ཧ་ར།  སྤྲུལ་སྐུ་ལུང་བོན་ལྷ་གཉེན།  གུ་རུ་རྣོན་རྩེ།  རྨ་སྟོན་སྲིད་འཛིན། བོན་ཞིག་ཁྱུང་ནག།  གོ་ལྡེ་འཕགས་པ།  དབྱིལ་སྟོན་ཁྱུང་རྒོད་རྩལ།  སེ་སྙན་ཞིག་པོ།  ལྷུན་གྲུབ་ཐོགས་མེད། གླིང་གཤེན་ནམ་མཁའ་མཐོང་གསལ།  ཁོད་པོ་བློ་གྲོས་ཐོགས་མེད།  སྤྲུལ་སྐུ་ཁྲོ་གཉེན་རྒྱལ་མཚན།  སྤྲུལ་སྐུ་བློ་ལྡན་སྙིང་པོ།  གཏེར་སྟོན་སངས་རྒྱས་གླིང་པ།  ཀུན་གྲོལ་འཇའ་ཚོན་སྙིང་པོ།  ཀུན་གྲོལ་གསང་བ་རྩལ།  གཏེར་སྟོན་གསང་སྔགས་གླིང་པ།  རིག་འཛིན་དབལ་འབར་སྟག་སླག་ཅན་སོགས་བཀའ་གཏེར་སྙན་གསུམ་གྱི་མངའ་བདག་ཅན་རྣམས་ཀྱིས་སླར་ཡང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་དྲང་ཤིང་དབང་ལུང་མན་ངག་གི་ཁྲིད་རྒྱུད་མཐུན་པ་དང་།  བྲུ་ཞུ་སྤ་རྨེའུ་གཤེན་དང་ཁྱུང་གཙོས། གདུང་རྒྱུད་རྒྱལ་པོ་རྣམས་ཀྱིས་བསྟན་པའི་རྐང་བཟུང་ཞིང་།  གཡས་རུའི་མཁས་གྲུབ་བཅོ་བརྒྱད་དང་།  དཔལ་ལྡན་སྨན་རིའི་མཁན་རབས་རིམ་པར་བྱོན་པ་གཙོས་པའི་བོན་གྱི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་རྣམས་དར་སྤེལ་མཛད་དེ་ཐོས་བསམ་སྒོམ་པའི་གྲྭ་སློབ་རྒྱུན་སྐྱོང་གནང་ཡོད་པ་ད་ལྟའི་བར་རྒྱུད་མ་ཆད་པ་བསྟན་པའི་བྱུང་འཕེལ་གྱི་ལོ་རྒྱུས་རགས་རིམ་ཙམ་གྱིས་གླེང་སློང་བྱས་པ་ཡིན་ནོ།།  སྐབས་སུ་བབ་པའི་བཤད་བྱའི་གཙོ་བོ་རྒྱལ་བའི་བཀའ་དྲི་མ་མེད་པ་གསུང་ཚོགས་ཀྱི་དཀར་ཆག་ཐོག་མ་ལྟ་བུ་ནི་རྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་ད་ཡོད་མཐོང་གསལ་འདི་ཡིན་པར་སྙམ། གཞན་ཡང་ཁྱུང་པོ་བློ་གྲོས་རྒྱལ་མཚན་ཡན་ལ། མདོ་འབུམ་གཟུངས་སྔགས་བྱུང་བ་དུམ་བུ་དགུ་བརྒྱ་ལྷག་ཙམ་ཏུ་དར་ཞེས་ཤེས་རབ་དཔལ་གྱིས་བརྩམས་པའི་གདན་ས་བཀྲ་ཤིས་སྨིན་གྲོལ་ཁྲོད་ཀྱི་བཀའ་རྒྱུད་མདོ་འབུམ་གཟུངས་སྔགས་ཀྱི་དཔེ་རྩིས་མུན་སེལ་སྒྲོན་མེ་ལས་གསལ།  སྤྱི་ལོ་༡༧༥༡ཡན་མན་ནང་བོད་ཤར་ཕྱོགས་རྒྱ་རོང་ཡུལ་དུ་།  ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ནོར་བུའི་རྒྱུ་སྦྱོར་དང་རྒྱབ་བརྟེན་བརྒྱུད། མཁས་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་གིས་མདོ་འབུམ་སྔགས་སེམས་བཞི་རུ་སྡེ་ཚན་ཕྱེས་པའི་པོད་ལྔ་བརྒྱ་བརྒྱད་ཅུ་ལྷག་པའི་བོན་གྱི་གསུང་རབ་ཕྱོགས་བསྒྲིགས་ཅན་གྱི་དཀར་ཆག༼ཟབ་དང་རྒྱ་ཆེའི་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉིོ་མ་འབུམ་གྱི་འོད་ཟེར་༽ཞེས་པ་བརྩོམ་བསྒྲིགས་མཛད་ནས། དེ་དང་དུས་མཚུངས་སུ་རྒྱ་རོང་ཡུལ་དུ་བོན་གྱི་གསུང་རབ་སྤར་བརྐོ་བྱས་པ་དང་།  དེ་དང་འབྲེལ་བས་བོད་ཀྱི་ཡུལ་དུ་བོན་གྱི་གསུང་རབ་སྤར་མ་འགྲེམ་སྤེལ་བྱུང་།  སྤྱི་ལོ་༡༨༡༣་་་༡༨༧༠བར་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་ནས་༼བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་༽ཅེས་པ་བཀའ་དང་བཀའ་བརྟེན་སྡེ་ཚན་གཉིས་ཀྱི་དཀར་ཆག་ཐོ་ལོངས་ཙམ་དུ་བཀོད་པ། མདོ་འདུས་ལས། མདོ་འབུམ་རྒྱུད་མཛོད་བཞི་ཕྱེས་ལ།  འཁོར་རྣམས་བཀའ་ཡི་བསྡུ་བ་གྱིས།  གསུང་པ་ལྟར། དཀར་ཆག་གི་གཞི་སྒྲོམ་གྱི་སྡེ་ཚན་དེ་ལ་བརྟེན་ནས་ཕྱེས་པ་གསུངས་ཡོད། འདི་ལ་ཕྱིས་སུ་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་རྣམས་ཀྱི་ལྟོས་གཞི་གཙོ་བོ་ཡིན་པ་ཡོངས་སུ་གྲགས་སོ།། སྤྱི་ལོ་༡༨༦༤ཤིང་བྱི་ལོ་ཕྱུང་པོ་སྟེང་ཆེན་དགོན་ཏུ་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་མཆོག་གིས༼རྒྱལ་བའི་བཀའ་འབུམ་རབ་རྒྱས་ཁང་༽བྱ་བ་དཔེ་མཛོད་ཅིག་བཞེངས་ཏེ། བཀའ་དང་བཀའ་བརྟེན་གྱི་མ་དཔེ་འཚོལ་བསྡུའི་དབུ་ཚུགས་ནས།  བོད་ཡུལ་སྟོད་སྨད་བར་གསུམ་གང་སར་ལོ་མང་རིང་།  དཔེ་འཚོལ་ཞིབ་རྩད་མཛད་ནས་འཚོལ་བསྡུ་གྲུབ་པའི་མཐར།  སྐབས་དེ་དུས་ཀྱི་ཁོར་ཡུག་དང་།  རྒྱབ་ལྗོངས། དཔལ་འབྱོར་སོགས་འཁོས་ཀ་དང་འཚམས་པས་ལག་བྲིས་ཡིག་ཚོགས་དཀྱུས་གཅིག་ཏུ་བྱས་པ་བཞེངས་ནས།  བཀའ་འབུམ་རབ་རྒྱས་ཁང་དུ་བཞུགས་གསོལ་མཛད།  སྤྱི་ལོ་༡༨༨༠ལོར་དཔེ་ཚོགས་དེའི་པོད་བཞི་བརྒྱ་གོ་བཞིའི་དཀར་ཆག་༼རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་མཛོད་ལ་དཀར་ཆག་བློ་ཡི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་༽ཞེས་པ་བརྩམས་ནས་ལེགས་པར་གྲུབ།  དེ་ལྟའི་དཔེ་རྒྱུན་གྱིས་དབུས་པའི་ཁྱུང་ཡུལ་སྟོད་སྨད་ཀྱི་དགོན་པ་ཁག་ཏུ་། བཀའ་དང་བཀའ་བརྟེན་གསུང་རབ་དཔེ་ཚོགས་ཇི་སྙེད་ཡོད་པའི་དཀར་ཆག་འདི་ལ་གཙོ་བོར་བྱས་ནས་བཞེངས་པ་ཡིན་ནམ་སྙམས།  ཕྱིས་སུ་སྤྱི་ལོ་༡༩༣༣ཡན་མན་ནང་། གསང་སྔགས་གླིང་པ་མཆོག་ལ་གྲུབ་དབང་སྨོན་ལམ་རིན་པོ་ཆེ་དང་། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་གཙོས་པས་དམ་པ་དུ་མས་ནན་བསྐུལ་ཞུས་པས་གྲུབ་རྗེ་དམ་པའི་ཐུགས་འདུན་དུ་ལུང་རྒྱུན་ཕྱོགས་གཅིག་ཏུ་བསྡུས་ནས་སྤེལ་བའི་ཐུགས་བསྐྱེད་སྔར་ཡོད་བཞིན་བསྐྱར་མ་འཁྲུངས་པའི་མདངས་འདོན་དུ་གྱུར་ཏེ། མདོ་དབུས་ཁམས་གསུམ་གང་སར་སྐུལ་ངལ་མ་འཛེམས་པར།  ལུང་རྒྱུན་ཅི་མཆིས་ཁུངས་བཙལ་ཞིང་།  རྗེས་འཇུག་རྣམས་ལ་ལུང་རྒྱུན་མི་ཆད་པའི་ཕྱིར།  སྟབས་གཅིག་ཏུ་སྤེལ་བའི་སྲོལ་འཛུགས་པའི་ཚེ།  ལས་སྨོན་གྱི་སྟོབས་དང་མཐུ་ནུས་གཅིག་ཏུ་འདུས་པའི་རྟེན་འབྲེལ་རང་འགྲིགས་སུ་བྱུང་ཏེ། བསྟན་པའི་དད་སྦྱིན་ཆེན་པོ་ཧོར་ག་རྒྱ་བསྟན་དར་མི་ངོ་ནས།  བཀའ་འགྱུར་གླེགས་བམ་དངོས་གཙང་ལག་སྟར་བྲིས་ཡོན་སྦྱར་ནས་དབུ་ཞབས་ཚང་བའི་པོད་བརྒྱ་དང་ང་བརྒྱད་ཡོད་པ་ཕུལ།  དེ་ཉིད་ཉག་རོང་ཏུ་གདན་འདྲེན་ཞུས་པ་དང་།  དེའི་སྐོར་དུས་མཚུངས་སུ་གཏེར་ཆེན་མཆོག་ལ་དྲན་པ་ནམ་མཁའི་ལུང་བསྟན་དབུགས་དབྱུང་ཐོབ་ནས།  དག་སྣང་ཉེ་བརྒྱུད་ཀྱི་དགོངས་པ་ཐུན་མོང་མིན་པ་ཐུགས་ལ་འབྱོང་ཏེ་དགྱེས་པ་ཆེན་པོའི་སྒོ་ནས་བཀའ་འགྱུར་ལུང་རྒྱུད་ལན་གྲངས་ལྔ་རུ་གསུངས་གནང་མཛད་པའི་ཐོག་མར་ཁྱུང་ཡུལ་མཐོང་གྲོལ་རི་ཁྲོད་དུ་གསུངས་པ་དང་། ཕྱི་མ་ནི་ཉག་ཤོད་མི་ཕམ་ཨ་འཛི་ལུང་གི་ལྟེ་བ། གནས་ཆེན་ལྷང་བྲག་ནོར་བུ་ཡང་རྩེིའི་མདུན་ཞེས་རྗེ་ཡི་གདན་ས་ཁྱུང་གི་གླིང་དུ་། སྤྱི་ལོ་༡༩༣༣ལོར་གསུངས། དེའི་ཡན་མན་ནང་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་༼སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེ་ལུང་རྒྱུད་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ་༽ཞེས་པ་གཏེར་ཆེན་མཆོག་གི་དགོངས་གཞི་དང་བསྟུན་ནས་བསྒྲིགས་གནང་མཛད།  དེ་ནི་པོད་རེ་འགའ་ཙམ་མ་གཏོག་ད་ལྟ་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དངོས་ར་སྤྲོད་ཅིང་ལུང་རྒྱུན་བར་མ་ཆད་པའི་རིང་རྒྱུུད་དང་ཉེ་རྒྱུད་གང་གི་སྒོ་ནས་བཞུགས་པ་གསལ་པོར་བཀོད་ཡོད།  དཀར་ཆག་འདི་ནི་མཁན་ཆེན་ཉི་མའི་གོ་རིམ་བསྒྲིག་ཚུལ་གཙོ་བཞག་བྱས་ཐོག།  གཏེར་ཆེན་མཆོག་ལ་བསྟན་སྦྱིན་ཧོར་ག་རྒྱ་བསྟན་དར་གྱིས་ཕུལ་བའི་པོད་བརྒྱ་དང་ང་བརྒྱད་ཐོག་གཏེར་ཆེན་མཆོག་གི་དགོངས་བཞེད་ལྟར་པོད་བཅུ་གསར་དུ་ཁ་སྣོན་བྱས་ནས་བཀོད་པ་མཐོང་གསལ་ལྟར་ཡིན།  དེ་ནི་རིག་གནས་གསར་བརྗེའི་གོད་ཆག་སྐབས་སུ་ཉར་ཚགས་མཁན་འགའི་སྙིང་སྟོབས་ཆེན་པོས་སྦས་བསྐུང་བྱས་པ་དང་།  ཡུལ་མི་འགའ་ཞིག་གིས་ཁ་ཤོར་བའི་དོགས་རྐྱེན་སོགས་དོན་རྐྱེན་དུ་མ་ལ་བརྟེན་ནས་བཀའ་འགྱུར་འདི་ཡི་ཆེད་དུ་མི་ལྔ་ཙམ་འདས་གྲོངས་སོང་བ་བཤད།  ཉར་ཚགས་མཁན་དེ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བཞིན་པ་དང་འབུལ་ཡང་འོས།  བཀའ་འགྱུར་བྲིས་མའི་ཚར་འདི་བོན་གྱི་གྲུབ་མཐའ་ཙམ་མ་ཡིན་པར།  བོད་ཁ་བ་ཅན་གྱི་རིག་གནས་ལོ་རྒྱུས་སྟེང་མཛད་རྗེས་བླ་ན་མེད་པ་བཞག་པ་སྙིང་ཐག་པ་ནས་ཡིད་རང་མི་འབུལ་བ་སུ་ཞིག་མཆིས།  སྤྱི་ལོ་༡༩༨༥ལོར་ཨ་གཡུང་རིན་པོ་ཆེས་གཙོ་འགན་བཞེས་ནས་མདོ་འབུམ་གཉིས་སྔར་གྱི་དབལ་ཁྱུང་དགོན་པའི་བྲིས་མ་གཞིར་བཞག་བྱས་ཐོག། སྔགས་སེམས་གཉིས་ཀྱི་མ་དཔེ་གཞན་ནས་ཕྱོགས་བསྡུ་གཡར་པོ་བྱས་པས་ཁ་བསྐང་ཏེ། པོད་༡༥༧ཅན།  ཚར་གྲངས་བརྒྱ་དང་སུམ་ཅུ་ཙམ་འཕྲུལ་སྤར་གནང་སྟེ།  ཁྱབ་སྤེལ་བྱས་པ་ནི་དཔེ་རྒྱུན་མ་ཆད་པ་ཙམ་ལས་གང་སར་དགོས་མཁོ་བསྐང་བའི་ཁྱབ་ཚད་མ་ལོངས་སྟབས།  དེ་དང་ལོ་ཤས་རྗེས་སུ་ཨ་མདོ་རྔ་པ་རྟོགས་ལྡན་དགོན་གྱི་སྤྲུལ་སྐུ་བོན་བློན་ནམ་མཁའ་བསྟན་འཛིན་མཆོག་ནས། སྔར་མའི་ཨ་གཡུང་དཔར་མ་གཞི་བཞག་ཐོག་པོད་སུམ་ཅུ་ཁ་སྣོན་བྱས་པ་པོད་༡༩༢ཡོད་པ་ཅན།  ཚར་གྲངས་༣༣༠དཔར་བསྐྲུན་གནང་།  ཨ་གཡུང་དཔར་མ་དང་བོན་བློན་ཅན་གཉིས་ཆར་གྲངས་ཉུང་བ་དང་།  སྐབས་དེ་དུས་ཀྱི་འཕྲུལ་ཆས་དང་འཁོས་ཀའི་དབང་གིས།  རྩ་བའི་མ་དཔེ་གང་ཡོད་གསལ་པོར་མ་དོད་པ་སོགས་སྐྱོན་ཆ་ཇི་སྙེད་ཡོད་པ་ཁ་བསྐང་དགོས་པ་དངོས་ཡོད་གནས་སྟངས་གྱུར་པའི་གོ་སྐབས་ཁེལ་བ་དང་བསྟུན།  ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེ་ནས་གཙོ་འགན་བཞེས་འོག་ཏུ། དབལ་ཁྱུང་དགོན་པའི་བཀའ་འགྱུར་བྲིས་མ་དེ་མ་དཔེ་གཙོ་བོར་བྱས་ཏེ།  དཀར་མཛེས་གོ་ལག་གཡུང་དྲུང་གླིང་གི་བླ་མ་ཚེ་དབང་དངོས་གྲུབ་གཙོས་བླ་གྲྭ་མང་པོས་དཔར་རྩ་གཙང་བཟོ་དང་།  ལག་བྲིས་ཤོག་ལྷེ་རེ་རེ་སུག་བྲིས་ཆད་པ་མཐུད་ཅིང་བར་ཕྱེས་པ་དང་།  ཡིག་རིས་ཐམས་ཅད་མ་ཡིག་དང་ཐོ་བཏུགས་ནས་བསྐྱར་འབྲི་གནང་བ་ལ་སོགས་པའི་ཕྱག་ལས་ཞིབ་ཆ་ཅན་ལོ་འགའ་བྱས་མཐར་སྤྱི་ལོ་༡༩༩༨ལོར་༼གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༽ཞེས་དབལ་ཁྱུང་བཀའ་འགྱུར་བྲིས་མ་ཅན་གྱི་འཕྲུལ་དཔར་གསལ་ཆ་ཅན་གྱི་པོད་༡༧༨ཡོད་པ་ཚར་གྲངས་༡༠༠༠གཅིག་དཔར་བསྐྲུན་གནང་ཏེ་གང་སར་འགྲིམས་སྤེལ་གནང་། དེ་དག་ནི་གཙོ་བོ་རྒྱལ་བའི་བཀའ་ཡི་སྐོར་ཡིན། བཀའ་བརྟེན་གྱི་སྐོར་ནི་ལོ་རྒྱུས་གོང་དང་འདྲ་མཚུངས་སུ་གནས་པས་ལོགས་སུ་སྨྲ་བ་མི་བྱ།  སྤྱི་ལོ་༡༩༩༩ས་ཡོས་ལོར་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་དང་རྩེ་དྲུག་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་གཉིས་གཙོས་ཧོར་ཁྱུང་ཨ་མདོ་སོགས་ནས་བླ་སྤྲུལ་དུ་མས་མཐུན་སྦྱོར་གནང་སྟེ་བོད་ཡུལ་སྟོད་སྨད་བར་གསུམ་སོགས་གང་ས་ནས་རིག་གསར་གོ་ཆག་སྐབས་སུ་སྦས་ཉར་བྱས་པའི་དཔེ་རྒྱུན་ལག་སོན་བྱུང་བ་གང་ཡོད་ཕྱོགས་གཅིག་ཏུ་བྱས་པ་༼གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ༽ཞེས་པའི་དཔེ་ཚོགས་ཅིག་དཔར་སྐྲུན་གནང་སྟེ་ཁྱབ་སྤེལ་གནང་།  སྤྱི་ལོ་༢༠༠༢ཆུ་རྟ་ལོར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེར།  སོག་སྤྲུལ་བསྟན་ཉི་མཆོག་གིས་བསྐྲུན་པའི་༼གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ༽ཞེས་པ་དེ་ཉིད་ཀྱི་དཔེ་ཆ་དངོས་ར་སྤྲོད་པའི་དཀར་ཆག་ལེའུ་རྩིས་རྒྱས་བཀོད་ཅན་ཞིག་བརྩམས་བསྒྲིགས་གནང་།  སྤྱི་ལོ་༢༠༠༣ཆུ་ལུག་ལོ་ཡས་མས་ནང་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་༼གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་གོ་རིམ་བསྒྲིགས་ཚུལ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ་༽ཞེས་དང་། ༼བདེ་བར་གཤེགས་པའི་གསུང་རབ་མཛོད་ལ་འཇུག་པའི་སྒོ་བཀའ་བརྟེན་བོད་ཡུལ་དུ་དངོས་སུ་བཞགས་བྱང་༽ཞེས་པ་དང་༼གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་བོད་བཞུགས་རིན་པོ་ཆེ༽ཞེས་པ་སོགས་བརྩམས་གནང་སྟེ།  གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དཔེ་ཚོགས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཕྱིར། སྔ་དཔེ་འཚོལ་བསྡུ་དང་།  ཉམས་གསོ།  ལེགས་བསྒྲིགས།  འཛིན་སྐྱོང་། གོང་འཕེལ་གཏོང་བའི་བྱ་ཐབས་གོ་རིམ་ལྡན་པའི་དམིགས་བུ་ཕྱོགས་སྟོན་ཏེ།  དེའི་ཐད་གལ་གནད་ཆེ་གཟིགས་ཀྱི་བཀའ་བརྟེན་གོ་རིམ་བསྒྲིགས་ཚུལ་ལ་དགོངས་དཔྱད།  གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་དང་། ཕྱི་དར་མཁས་པའི་གསུང་འབུམ་ཞེས་ཕྱོགས་གཉིས་ཀྱིས་དབྱེ་གཤགས་གནང་སྟེ་སྤྱི་ལོ་༢༠༠༢ཆུ་རྟ་ལོར་ཐོག་མའི་ལམ་སྟོན་གྱི་རགས་ཟིན་༼གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་བོད་བཞུགས་རིན་པོ་ཆེ༽ཞེས་པ་བརྩམས་གནང་ཞིང་དེ་མཐུན་གྱི་ཕྱག་ལེན་དཔེ་འཚོལ་དང་། དཔར་སྐྲུན་སོགས་གང་ཡོང་ཅི་ཡོང་གི་དགོས་གལ་ཆེ་བའི་བཀས་བསྐུལ་གནང་ཡུལ་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་འོད་ཟེར་སྦྱིན་པ་མཆོག་ལ་སྔོན་བསགས་བསོད་བཟང་གི་འབྲེལ་ལས་སྤྱི་རྒྱན་ཐོབ་པར་གྱུར་ཏོ།།  གོང་གསལ་དེ་དག་གི་མ་དཔེ་སྔར་ཡོད་ཅན་དེ་ལ་དགེ་སྐྱོན་ཇི་ཡོད་ཡང་དཔར་བསྐྱར་དཔར་བྱས་པ་དག་ལ་གྲངས་འབོར་མང་དུ་འཕེལ་བའི་དགེ་མཚན་ལས་ལྷག་པའི་དགོས་མཁོ་འདོན་དུ་མེད་པ་མངོན་གསལ་ལྷང་འབུད་གྱུར་པའི་གནས་ལྟང་ཤར་བ་འདི་ནི་འདས་པའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ་གནད་ལ་བབས་ཅིང་།  ད་ལྟའི་ལས་ཀྱི་མཐུད་མཚམས་མ་ནོར་བ་ཞིག་སླེབ་ཡོད་པ་ནི་མཁྱེན་ལྡན་ཀུན་གྱི་སྤྱན་སྔར་དུ་ལྷག་པ་ལག་མཐིལ་རི་མོ་ལྟར་དུ་གྱུར་པ་རེད།  གཉིས་པ།  གོང་ཞུས་གནས་སྟངས་གྱི་འཁོར་ཡུག་དེ་ལྟར་ཆགས་པའི་ནང་དུ་།  རང་རེའི་འགན་འཁྲི་ཕྲག་ལ་བབས་པར་བརྟེན།  གལ་གནད་ཆེ་གཟིགས་ཀྱིས་རྣམ་འདྲེན་ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་འདི་གའི་མཁན་སློབ་དབུ་ལས་ལྷན་རྒྱས་ཀྱི་ལྷག་བསམ་དང་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་ཞང་བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་མི་ཉམས་དར་སྤེལ་དང་གསུང་སྐྱོང་གི་ལས་གཞི་དངོས་སུ་དབུ་བརྩམས་ནས་སྤྱི་ལོ་༢༠༠༦ལོར་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིག་ཁང་༽བཙུགས་པ་དང་། དེ་མུས་ལས་དོན་མི་སྣ་བཀོད་སྒྲིག་དང་བཅས་དུས་རབས་དང་འཚམས་ཤིང་ཆོས་ལུགས་དང་མཐུན་པའི་སྒོ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་འཚོལ་སྒྲུབ་དང་།  བསྡུ་བསྒྲིག།  དག་ཞུས་བཅས་མཛད་དེ་པོད་གྲང་༡༡༠ཡིས་བདག་ཉིད་ཅན་ཞིག་ཁྲིམས་མཐུན་དཔེ་རྟགས་དང་བཅས་སྔར་རྗེས་སུ་ཚར་གྲངས་༦༠༠༠ཐམ་པ་དཔར་འགྲེམ་བྱས།  དེ་ནི་སྤྱིར་ན་འཛམ་གླིང་ཆོས་ལུགས་རིག་གནས་ཀྱི་བང་མཛོད་ནང་འོད་སྟོང་འབར་བའི་གཟི་བརྗིད་གཅིག་གསར་སྣོན་བྱས་པ་ཡིན་ལ།  དེ་བཞིན་བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་ལྟོས་ཏེ་དཔེ་བལྟའི་མཐུན་རྐྱེན་དང་།  དེར་མཚུངས་དགོན་སྡེ་ཁག་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཀློག་འདོན་དང་།  ཕྱག་མཆོད་འབུལ་སའི་རྟེན་བླ་མེད་དུ་གྱུར་པ་ཞིག་ཡིན་གཤིས་ད་སྔོན་གོང་འོག་འབྲེལ་མཐུན་ལྷ་སྡེ་མང་ཚོགས་དང་། སྐྱེས་ཆེན་བླ་སྤྲུལ་ཚོགས་ཀྱིས་ཚད་མཐོའི་འདེང་འཇོགས་གནང་ནས་དགའ་བསུ་བསྔགས་བརྗོད་ཀྱང་ཕུལ་ཡོད། དེར་མཚུངས་སྤྱི་ལོ་༢༠༠༩ལོ་ནས་༢༠༡༠ལོའི་བར་ཕྱི་དར་མཁས་པའི་གསུང་འབུམ་ལས་༼ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ༽དེབ་ཕྲེང་བཅུ་བདུན་ཅན་ཞིག་དག་བསྒྲིགས་གནང་སྟེ་སྤྱི་ལོ་༢༠༡༡ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཏུ་བཏབ་ནས་སྒྲུབ་རྒྱུད་བསྟན་པའི་རིང་ལུགས་དར་རྒྱས་དང་ཁྱབ་སྤེལ་མཛད་པ་མ་ཟད་ཀན་སུའི་རྩེ་ཞིག་དགོན་ནས་གཙོ་སྒྲིག་མཛད་པའི་༼གངས་ཏེ་སེའི་བོན་གཞུང་རིག་མཛོད་༽དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་ཚར་གྲངས་༡༠༠༠ལ་སྒོ་ཁྲི་ཚོ་༤༢བཏང་སྟེ་དཔེ་ཆ་རྣམས་བོན་དགོན་ཁག་ལ་བརྟེན་བཞག་གནང་བ་དང་།  དེ་བཞིན་ཁྱུང་ཡུལ་ཀོ་རྒྱལ་དགོན་ནས་གཙོ་སྒྲིག་མཛད་པའི་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽ཅེས་དེབ་ཕྲེང་༣༢ཅན་ཚར་༡༥༠༠ལ་སྒོར་ཁྲི་ཚོ་༤༨བཏང་སྟེ་ཕྱོགས་གང་སའི་བོན་གྱི་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་བོན་སྦྱིན་གནང་བ་མ་ཟད་ད་དུང་ཞལ་འདོན་དང་། ལེགས་བཤད།  ཞལ་གདམས།  སྔོན་འགྲོའི་སྐོར་སོགས་ཀྱི་དེབ་དང་།  སྒྲུབ་སྐོར་པོད་གཟུགས་བཅས་དཔེ་ཚོགས་ཁྲི་ཚོ་མང་པོ་དཔར་བསྐྲུན་འགྲེམ་སྤེལ་དང་བོན་སྦྱིན་དགེ་སྐུལ་གནང་ཡོད། དེ་མུས་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་གསུང་རབ་ཀྱི་ལས་དོན་མུ་འཐུད་རྒྱུན་སྐྱོང་གནང་ཞིང་སླར་ཡང་སྤྱི་ལོ་༢༠༡༡ལོར་སྐབས་ཀྱི་འཆད་བྱ་༼སྒོ་བཞི་མཛོད་ལྔའི་བོན་སྡེ་༽ཞེས་པའི་དཔེ་རྙིང་ཕྱོགས་སྒྲིག་ཀྱི་ལས་གཞི་དངོས་སུ་དབུ་བརྩམས་ཏེ། གོང་གསལ་ལྟར་ཕྱོགས་མཐའ་ཡུལ་གྲུ་ཁག་ནས་མ་དཔེ་བཙལ་འཚོལ་བསྡུ་བྱེད་བཞིན་གྲྭ་པ་བཙུན་མ་བཅུ་ཕྲག་ལྷག་གིས་གློག་ཀླད་ཡིག་གཏག་བྱས་པ་དང་།  དགེ་བའི་བཤེས་གཉེན་དང་སྒྲུབ་ཐོན་མཁན་པོ་རྣམས་ཀྱིས་དཔེ་ཁུངས་དང་མ་དཔེ་མི་འདྲ་བ་རྣམས་ཕན་ཚུན་གོ་བསྡུར་ནས་དཔེ་ཁུངས་རྙིང་ཤོས་རྣམས་གཙིགས་སུ་བཟུང་སྟེ་མ་དཔེ་རུ་ངོས་འཛིན་བྱས་ཡོད་པ་མ་ཟད་ཡིག་གཟུགས་ཀྱང་བྲིས་པ་རྒན་གྲས་རྣམས་ཀྱིས་ཐུན་མིན་ཁྱུང་པོའི་བྲིས་རྒྱུད་དང་ཡིག་གཟུགས་ལས་ལེགས་འདེམས་བྱས་ནས་བདམས་པ་དང་། ཡིག་ཚུགས་དེ་ཉིད་གློག་རྡུལ་ཡིག་གཟུགས་ལ་གཟུད་པར་འབད་བརྩོན་བྱས་ཏེ་རྒྱུ་ཚགས་གྲོན་གསུམ་གང་ལ་འཛེམ་པ་མེད་པའི་སྟོབས་ཤུགས་བསྐྱེད་ནས་ལེགས་གྲུབ་བྱུང་ཡོད་པ་གཞིར་བཞག།  དཔེ་བསྒྲིག་དང་།  ཞུ་དག་གི་ལས་གཞིའི་ཁྲོད།  བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་དབུ་ལས་ལྷན་རྒྱས་ཀྱིས་ནུས་པ་གཙོར་སྟོན་ཐོག།  བཤད་སྒྲུབ་གཉིས་ཀྱི་ནང་ནས་བསླབ་པ་བགྲེས་པ་རྣམས་དང་།  ཆོས་ལུགས་རིག་གནས་ལ་ཉམས་མྱོང་གི་གོ་རྟོགས་ཆེ་བའི་གྲྭ་བཙུན་༥༠ལྷག་གིས་བསྡུ་བསྒྲིག་དང་ནན་ཞུས་གནང་ནས་མ་དཔེ་མི་འདྲ་བ་རྣམས་ཕན་ཚུན་གོ་བསྡུར་གནང་ཞིང་པོ་ཏི་རེར་མ་མཐར་ལན་གྲངས་བརྒྱད་ཙམ་གཟིགས་རྟོགས་གནང་ནས་བསྐྱར་ཞུས།  ཡང་ཞུས་ཀྱི་སྒོ་ནས་མ་དཔེ་དང་འགལ་འཛོལ་ཤོར་དོགས་བྱས་ཤིང་བཀུར་བསྟི་དང་དག་སྣང་གི་སྒོ་ནས་འདེང་འཇོག་ཚད་མཐོ་གནང་ཡོད།  ཡིན་ན་ཡང་ཕྱོགས་སུ་བསྡུས་པའི་བོན་དཔེ་རྣམས།  གཅིག་ནས་འབོལ་ཚན་ཆེ་ཞིང་དཔེ་ཁུངས་མི་འདྲ་ས་མང་བ་དང་།  གཉིས་ནས་ཞང་ཡིག་དང་།  བརྡ་རྙིང་།  བཀའ་རྟགས་བཅས་སྣ་མང་ཅན་ཡིན་ཞིང་ཡིག་བྲིས་པ་ཕལ་ཆེ་བ་ཞིག་ཀྱང་རིག་གནས་ཡོན་ཚད་ངེས་ཅན་ཞིག་མིན་པ་དང་།  གསུམ་ནས་བསྟན་པ་ཕྱི་དར་གྱི་འཕེལ་རིམ་ནང་།  མི་དབང་ཆུ་ཆེན་རབ་བརྟན་རྒྱལ་པོས་བསྟན་སྦྱིན་མཛད་དེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དཔར་གཞི་ཁྲོ་ལྕགས་ལས་བྱས་པ་ཞིག་དག་བཞེངས་གནང་བ་དེ་དང་།  དེར་མཚུངས་རྒྱལ་རོང་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ཕུན་ཚོགས་བསྟན་འཛིན་གྱིས་བསྟན་སྦྱིན་མཛད་དེ་བཀའ་འགྱུར་ཤིང་དཔར་ལས་བརྐོས་ནས་མཁས་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོས་དཀར་ཆག་མ་བརྩམས་བར་སྟོན་མཆོག་གཤེན་རབ་མི་བོའི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་མཛད་ནས་གཅིག་གྱུར་གྱིས་དཔར་རྐོའི་ལས་གཞི་དང་དཀར་ཆག་བསྡུ་བསྒྲིགས་མ་ཐོན་པའི་རྣམ་པ་ཡང་མཐོང་།  རྒྱུ་རྐྱེན་དེ་དག་དབང་གིས་གསུང་རབ་དཔེ་ཁུངས་མི་འདྲ་བ་རྣམས་འཕྲུལ་དཔར་ནས་དྲངས་པ་ལྟ་བུའི་ཁ་འགྲིག་པ་དེ་འདྲ་ཞིག་མིན་མོད།  དེ་དག་གི་ཟུར་ནས་དགེ་མཚན་ཞིག་མངོན་པ་ནི། གཅིག་ནས་ལོ་རྒྱུས་ཡུན་རིང་བའི་རྙིང་ཉམས་ཀྱི་རྣམ་པ་ཐོན་པ་དང་།  གཉིས་ནས་ཚིད་ཕྲད་ཕལ་ཆེ་བ་རང་དབང་ཅན་ཞིག་ཡིན་སྟབས་བཀས་བཅད་ཀྱི་འོག་ཏུ་མ་ཚུད་པའི་རྣམ་པ་ཞིག་ཀྱང་ཡོད་ལ།  ད་དུང་ཐ་སྙད་དང་རྣམ་གྲངས་མང་པོ་ཞིག་ཞང་བོད་སྐད་གཉིས་འདྲེས་མ་དང་།  བརྡ་རྙིང་པའི་ཚུལ་དུ་ཡོད་པ་མང་བས་ངེད་ཚོས་ཀྱང་འདི་ཞེས་ཁ་ཚོན་གཅོད་མ་ཕོད་པར་རང་སར་བཞག་ནས་དགེ་མཚན་ཞིག་མངོན་པར་བྱས་ཡོད། དེས་ན་ཞུ་དག་སྐབས་སུ་གཙོ་བོ་ཆད་ལྷག་ཡོད་པ་རྣམས་འཕྲི་སྣོན་དང་།  མིང་གཞི་བརྡ་ཁྱད་མི་འདྲ་རྣམས་མ་དཔེ་སོ་སོར་གོ་བསྡུར་གནང་ཞིང་གང་ལེགས་པ་ཁུངས་སུ་བྱས་པ་དང་།  དེར་མཚུངས་བྱེད་འབྲེལ་དང་ཚིག་ཕྲད་ཁ་ཤས་བརྗོད་བྱའི་གོ་དོན་དང་མཐུན་མིན་དབང་གིས་ལེགས་བཅོས་བྱས་པ་ཙམ་ལས་ཞུས་ཐལ་དུ་སོང་བས་རིགས་མེད་པ་མ་ཟད། གོ་དཀའ་བའི་བརྡ་སྦྱོར་མིང་ཚིག་རེ་འགའ་དང་།  སྔོན་རྗེས་གྱི་འཇུག་པ་ཡ་མཚན་ཅན་རྣམས་ཀྱང་རང་སར་བཞག་པའི་ཁུར་དུ་ལགས་སོ།། སྒོ་བཞི་མཛོད་ལྔའི་བོན་སྡེ་ཞེས་གསུང་རབ་པོད་གྲངས་ཉིས་བརྒྱའི་བདག་ཉིད་ཅན་འདི་ཉིད་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་ཀྱི་ལས་གཞི་བརྩམས་པའི་དམིགས་འདུན་གཙོ་བོ་ནི།  ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དང་མི་རིགས་རིག་གནས་སྲུང་སྐྱོབ་དར་སྤེལ་བཏང་བའི་སྲིད་བཟང་གི་དམིགས་འདུན་གཞིར་བཅས།  བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ཁོངས་སྟེང་ཆེན་དགོན་གྱི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་དང་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གཉིས་ནས་གོང་རིམ་ལ་ཡར་ཞུ་བྱས་ཤིང་ལྗོངས་ལྔ་དང་ཞིང་ཆེན་ཁག་གི་ནང་དུ་བཞུགས་པའི་འབྲེལ་ཡོད་བོན་ཆོས་འཛིན་པ་རྣམས་ཀྱི་ཕྱག་ཏུ་ལྷག་པའི་བོན་དཔེ་རྙིང་པ་གང་ཡོད་བཙལ་འཚོལ་བརྒྱུད་དངོས་སུ་ལག་སོན་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔེ་ཚོགས་འདི་ཉིད་ལ་༼སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོག་བསྒྲིགས་༽ཅེས་བོན་གྱི་མདོ་རྒྱུད་ཁག་གི་ནང་གསལ་ལྟར་མཚན་དོན་དངོས་སུ་ཕུལ་ཡོད་པ་དང་།  ལས་དོན་འདི་ནི་རང་རེ་གཡུང་དྲུང་བོན་གྱི་གསུང་རབ་བགྲེས་པོ་རྣམས་ཀྱང་དེང་རབས་ཀྱི་ལམ་བུའི་ཐོག་རྐང་པ་ཚུགས་ནས་མདུན་སྐྱོད་བྱེད་བཞིན་པའི་རྣམ་པ་ཞིག་ཡིན་ལ།  ད་སྔོན་༼སྤྱི་ལོ་༢༠༠༠༽ཡན་མི་ལོ་ལྔ་བརྒྱའི་གོང་ནས་གངས་ཅན་བོད་ཀྱི་ཡུལ་དུ་གསུང་རབ་འབྲི་བཞེངས་དར་སྤེལ་གཏོང་བའི་དཔར་ཁང་འཛུགས་སྐྲུན་དང་།  དཔེ་རྙིང་ཕྱོགས་བསྡུ་ལེགས་བསྒྲིག་ཀྱི་ཡོངས་ཁྱབ་ལས་གཞི་ཚུགས་ཟིན་ན་ཡང་།  གཡུང་དྲུང་བོན་གྱི་གནའ་དཔེ་བསྡུ་བསྒྲིག་བྱེད་པའི་གོ་སྐབས་དང་ཁོར་ཡུག་ཡག་པོ་དེ་ཙམ་བྱུང་མེད་པས།  དཔེ་རྙིང་རྣམས་ལག་བྲིས་རྐྱང་པའི་ཐོག་ནས་བཤུ་འབྲི་བྱས་པ་མང་བ་དང་། དེ་ཡང་བྲིས་པ་དང་སྦྱིན་བདག་བར་མཐུན་སྣང་གཤིས་མིན་སོགས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་གཞན་དབང་དུ་གྱུར་ནས་གསུང་པོད་རྣམས་ཆ་ཚང་མིན་སྣ་ཚོགས་ཡོད་ལ། དཔེ་རྙིང་བདག་དབང་ཅན་གྱིོ་བོན་གྲོང་རྙིང་པ་རྣམས་ཀྱང་མདོ་དབུས་ཁམས་གསུམ་སོགས་ལུང་ཚན་དང་གྲོང་གསེབ་ཁག་ཏུ་ཡ་གྱལ་དུ་གྱུར་པ་མང་བར་བརྟེན་སྟོན་མཆོག་གཤེན་རབ་མི་བོའི་བཀའ་རྣམས་གཅིག་གྱུར་བསྡུ་བསྒྲིག་དང་ཁྱབ་སྤེལ་བྱེད་པར་ཧ་ཅང་དཀའ་ཚེགས་ཀྱི་གནས་སུ་གྱར་ཡོད།  དེས་ན་དུས་ཀྱི་བསྐལ་ཁུག་གསོ་བའི་སྒྲོན་མེ་འདྲེན་མཆོག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་མི་འཇིགས་པའི་སྟོབས་མཆོག་དང་།  བཟོད་པའི་གོ་ཆ་ཕྲག་ཏུ་བཞེས་ནས་སྔོན་བྱུང་ལོ་རྒྱུས་ཀྱིས་དཀའ་ཚེགས་འགག་འཕྲང་དེ་དག་ལས་བརྒལ་ཞིང་རྣམ་པར་རྒྱལ་བའི་བོན་སྡེ་རྣམས་རྨད་བྱུང་བསླབ་པ་གསུམ་གྱི་མཛད་བཟང་ལ་བརྟེན་ནས་འགྲོ་བའི་བདེ་སྐྱིད་ཀྱི་དཔལ་དུ་བསྩལ་བ་ནི་ཨེ་མ་ངོ་མཚར་ཆེའོ།། ད་སྔོན་རང་ལྗོངས་སུ་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་གཞིའི་སྡེ་ཚན་དང་རྣམ་གྲངས་མང་ཡང་།  བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ངོ་མ་སྟེ་གཡུང་དྲུང་བོན་གྱི་གསུང་རབ་རྩ་ཆེ་འདི་རིགས་ལ་གཙིགས་ཆེར་མཛད་ནས་སྤྱི་ཚོགས་ཅན་དང་།  གཞུང་ངོས་ཅན་གྱི་འཛིན་སྐྱོང་སྲུང་སྐྱོབ་ཀྱི་ལས་གཞིའི་སྡེ་ཚན་འཐུས་སྒོ་ཚང་པོ་དེ་ཙམ་མེད་སྟབས་རང་བསྟན་རང་སྐྱོང་གི་རྣམ་པ་ལྟ་བུའི་སྒོ་ནས་རྒྱུ་ཚེགས་གྲོན་གསུམ་གང་ལ་སེར་སྣ་འཇུངས་གེགས་དང་ངལ་བ་འཛེམ་མེད་ཐོག་ཞང་བོད་མི་རིགས་ལ་ཕན་བདེའི་བྱ་བཞག་རྒྱ་ཆེ་ཞིག་བསྒྲུབས་ཡོད་ཅེས་མགྲིན་པ་གཟེངས་སུ་གཏོད་ནས་སྨྲ་སྤོབས། ཡིན་ན་ཡང་ལྷ་མང་སར་འདྲེ་མང་ཞེས་པའི་དཔེ་ལྟར།  མི་བུ་གང་ཞིག་གིས་ཕྱོགས་རིས་ཉེ་རིང་དང་ཆགས་སྡང་འགྲན་རྩོད་ཀྱིས་བསྟན་པ་ལ་སྨ་འབེབས་པའི་རྣམ་པ་སྟེ་གསུང་རབ་རྣམས་དེང་རབས་ཅན་དུ་ལེགས་བསྒྲིག་བྱས་པ་ལ་བཅོས་སོང་བསྒྱུར་སོང་ཞེས་པ་དང་། འཛིན་སྐྱོང་སྤེལ་བའི་ལས་དོན་གྱི་ངོ་བོ་དངོས་སུ་བཤམས་ནས་བཀུར་བསྟི་ཞུས་པ་ལ་ཚོང་གི་འདུ་རྒོད་ཆེ་སོང་ཞེས་པ་སོགས་ཀུན་སློང་མ་དག་པའི་ངག་འཁྱལ་དང་། ཕྲག་དོག་གིས་སྙིང་གཟེར་བ་དག་ལ་ངེད་ཚོས་བཟོད་པའི་གོ་དང་སྙིང་རྗེའི་དམག་གིས་སྟོང་པའི་ཀློང་དུ་རྒྱས་གདབ་བྱེད་རྒྱུ་ཙམ་ལས་མ་འདས་སོ།།  ལས་དོན་འདི་ནི་སྤྱིར་ན་ཤར་ཕྱོགས་རྒྱལ་ཁབ་ཆེན་མོའི་རིག་གཞུང་གི་མ་ལག་ཅིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་རྣམ་པ་ཞིག་ཡིན་ལ།  བྱེ་བྲག་ཏུ་བོད་མི་རིགས་ཀྱི་རིག་གནས་དང་ལུགས་སྲོལ་གྱི་འགོ་ཁུངས་འཇོག་ས་ངོ་མ་དེ་རྩ་བརླག་ཏུ་མི་འགྲོ་བའི་ལས་དོན་གལ་ཆེན་ཞིག་ཡིན་པས་ན། ལས་ཀ་འདིའི་བརྒྱུད་རིམ་ཁྲོད། ༧ སྐྱབས་རྗེ་རྩ་བའི་བླ་མ་རིན་པོ་ཆེས་བོད་དང་བོན་གྱི་ཆེས་མཐོའི་མི་སྣ་ཁག་དང་། བླ་སྤྲུལ་དད་སྦྱིན་གཙོས་བོད་མི་རིགས་དང་བོད་ཀྱི་རིག་གནས་ལ་བློ་སེམས་དཀར་བའི་མཁྱེན་ལྡན་པ་མི་ཉུང་བ་ཞིག་ལ་བློ་འདྲི་གྲོས་འདོན་བྱས་པ་ལྟར།  ཁོང་རྣམ་པས་ཀྱང་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་རྒྱབ་སྐྱོར་ཚད་མཐོ་གནང་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུའོ།།  བོན་གྱི་ལོ་རྒྱུས་ཡུན་རིང་ཞིང་བཀའ་དང་བཀའ་བརྟེན་གྱི་ཚོགས་ཆེ་ཡང་དུས་རབས་ཀྱི་འཕོ་འགྱུར་དང་ཉེར་འཚེའི་འགལ་རྐྱེན་མང་བས། ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ནང་བཀའ་གཏེར་སྙན་གསུམ་གྱི་མཚན་བྱང་ཅན་གསུང་རབ་པོད་ཉིས་བརྒྱ་ཙམ་འཚོལ་བསྒྲུབ་ཐུབ་པ་བྱུང་ཡོད། དེ་དག་གི་ནང་ནས་ངེད་ཚོས་གསུང་རབ་བསྡུ་བསྒྲིག་གི་ལས་དཀའི་གོ་རིམ་ནང་དཔེ་བསྡུར་གནང་སའི་མ་དཔེ་གཙོ་བོ་ཁག་ནི།  ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་དཔར་སྐྲུན་ཞུས་པའི་གསུང་པོད་༡༥༧ཅན་དང་། བོན་བློན་ནམ་བསྟན་འཛིན་གྱིས་དཔར་སྐྲུན་ཞུས་པའི་གསུང་པོད་༡༩༢ཅན་ཞིག་དང་། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་དཔར་གནང་བའི་དབལ་ཁྱུང་བཀའ་འགྱུར་པོད་༡༧༨གྱི་བདག་ཉིད་ཅན་འདི་རྣམས་དང་།  དེ་བཞིན་ཁྱུང་ཡུལ་གཙོས་པའི་མདོ་དབུས་ཁམས་གསུམ་གྱི་བོན་གྲོང་རྙིང་པ་ཕལ་ཆེ་ཤོས་ལ་པོད་གྲངས་མང་ཉུང་ལ་མ་ལྟོས་པར་མདོ་སྔགས་སེམས་གསུམ་གང་རུང་གི་ཟབ་གདམས་འཁོད་པའི་པོ་ཏི་འཐུས་ཚང་ངམ་ཚན་པ་རེ་གཉིས་མ་བཞུགས་པ་ཕལ་ཆེར་མེད་པ་ལྟ་བུ་སྣང་།  དེས་ན་འདི་གའི་སྒོ་མཛོད་དཔེ་རྙིང་ཕྱོགས་སྒྲིག་ཁང་གིས་དཔེ་རྙིང་ཁག་བཙལ་འཚོལ་དང་བཀའ་གཡར་ཞུས་པའི་དཔེ་ཁུངས་དང་དཔེ་ཐོ་ཟུར་དུ་གསལ་བ་ལྟར།  དཔེ་རྙིང་པོད་དངོས་༢༨༠ལྷག་ཙམ་གཡར་པོ་ཐུབ་རིགས་དེ་རྣམས་ལ་མ་དཔེ་གཙོ་བོ་གང་ལ་བྱས་པ་དང་ཕན་ཚུན་གོ་བསྡུར་གང་ལྟར་བྱས་མིན་འཇུག་བྱང་གསལ་པོར་བཀོད་ཡོད། ད་ལན་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་པོད་༢༠༠བདག་ཉིད་ཅན་དུ་གྲུབ་པ་འདི་ཡི་གོ་རིམ་དང་སྒྲིག་སྟངས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི་བཀའ་བརྟེན་དཀར་ཆག་གཙོར་བཟུང་ཐོག།  ཀུན་གྲོལ་འཇའ་ཚོན་སྙིང་པོའི་བཀའ་འགྱུར་དཀར་ཆག།  བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་ཀྱི་བཀའ་བརྟེན་གྱི་དཀར་ཆག།  སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་འགྱུར་དཀར་ཆག།  རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་བརྟེན་སྐོར་གྱི་ལམ་སྟོན་དང་དཀར་ཆག་བཅས་ལ་གཞི་བཅོལ་བྱས་ནས་གྲུབ་པ་ཞིག་ཡིན་ནོ།། དེ་དག་གི་ལས་དོན་མ་སྣ་ཏེ་ངེད་སྒོ་མཛོད་དཔེ་སྒྲིག་ཚན་པར་འདི་གཏོགས་གྱི་དབུ་ལས་ལྷན་རྒྱས་ཀྱི་མཚན་གྲངས་ཁག་ནི་འདི་ལྟར་ཏེ།  སྤྱི་ཁྱབ་འགན་འཛིན་པ།  མཆོག་སྤྲུལ་༧ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ།  འགན་འཛིན་གཞོན་པ།  ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་མཛད་ཆེན་མོ་འཆི་མེད་གཡུང་དྲུང་རིན་པོ་ཆེ།  གཙོ་སྒྲིག་པ།  ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།  གཙོ་སྒྲིག་གཞོན་པ།  ཁྲ་དགོན་མཁན་ཚུལ་ཁྲིམས་དྲི་མེད།  མཁན་ཡེ་ཤེས་ཚེ་རིང་། དཔེ་སྒྲིག་ཁོངས་མི།  ཁ་ལྕེ་དགེ་བཤེས་གཙུག་གཤེན་དོན་འགྲུབ།  རིས་ཚ་དགེ་བཤེས་བསྟན་འཛིན་དགེ་ལེགས།  དགེ་བཤེས་བློ་གྲོས་རབ་གསལ། དགེ་བཤེས་བསྟན་པ་འབྲུག་གྲགས།  འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་འཕྲིན་ལས།  དྲེ་བོ་དགེ་བཤེས་སྦྱིན་པ་གཙུག་ཕུད།  དགེ་བཤེས་ཤེས་རབ་འོད་ཟེར། མཁན་བློ་གྲོས་དབང་ཕྱུག། ཤེལ་ཞིག་ཀུན་བཟང་རྒྱལ་མཚན། རྒྱ་བོ་ནམ་མཁའ་བློ་གྲོས།  ནག་ཚ་བསོད་ནམས་སྦྱིན་པ།  རྒྱལ་གཞིས་བཟོད་པ་ཚུལ་ཁྲིམས། འགོ་ལ་ནམ་མཁའ་འོད་ཟེར། ཡག་གཞིས་ཚུལ་ཁྲིམས་བསྟན་རྒྱལ། ཧོར་རུ་སྨོན་ལམ་རབ་རྒྱས།  འབུ་ཚང་ཁྲི་ལྡེ་རྣམ་རྒྱལ།  ལྷ་ལྡོང་འབྲུག་གསས་རྒྱལ་མཚན།  རྨ་རི་ཚུལ་ཁྲིམས་འགྱུར་མེད།  གསལ་འཕེལ་བཀྲ་ཤིས་ཟླ།  སྟག་ཚང་ཚུལ་ཁྲིམས་གཡུང་དྲུང་།  གུར་མདོ་ཤེས་རབ་འོད་ཟེར།  སེར་བོ་བསྟན་འཛིན་ཚུལ་ཁྲིམས། ཨ་མདོ་དཔལ་ལྡན་ཚུལ་ཁྲིམས།  རྒྱལ་དགའ་ཐུགས་རྗེ་སེམས་དཔའ།  བེ་རྒྱང་མཆོག་ལེགས་རྒྱལ་མཚན།  སྡེ་དགེ་སྐལ་བཟང་ཚུལ་ཁྲིམས།  སྟག་ཚ་ཀུན་བཟང་ལྷུན་འགྲུབ།  བྱེའུ་བདེ་ཆེན་ཚུལ་ཁྲིམས།  ཁྱུང་བླ་གཡུང་དྲུང་བསྟན་འཛིན། ཁྱུང་པོ་སྨོན་ལམ་རྣམ་དག།  འདན་ཆུང་ཐེག་མཆོག་རྒྱལ་མཚན།  རིན་ཆེན་ཚུལ་ཁྲིམས།  ལྷ་བཟོ་བསམ་གཏན་འགྱུར་མེད།  མགར་ཆེན་གྲོལ་ལམ་ལྷུན་འགྲུབ།  རྐྱང་མི་སྨིན་གྲོལ་འབྱུང་གནས།  རྒྱུ་ཕྲུག་ནམ་མཁའ་ཚུལ་ཁྲིམས།   ལྷོ་ཐུགས་རྗེ་སེམས་ཀུན་ཁྱབ། བེ་རུ་བློ་གྲོས་འབྱུང་གནས།  སྒོ་རིགས་ཚེ་དབང་དངོས་གྲུབ།  ཁྲོ་བླ་རྣམ་རྒྱལ།  ཡ་འགག་གཡུང་དྲུང་ཚེ་དགའ།  ཤེས་རབ་གཡུང་དྲུང་།  ནོར་ཚང་གཡུང་དྲུང་བཀྲ་ཤིས།  ཨ་ནུ་བསྟན་པ་རབ་རྒྱས།  ཁྲ་དགོན་ཚུལ་ཁྲིམས་ཉི་མ།  མགར་ར་འགྱུར་མེད་བདེ་ལེགས།  སེར་ཀ་སྨོན་ལམ་ལེགས་གྲུབ།  སྒང་རི་བླ་ཆུང་དྲི་མེད་ཀུན་ལྡན།  བསྟན་པ་རྣམ་རྒྱལ། ཧོར་ཚང་མི་འགྱུར་གཙུག་ཕུད།  མཛེ་ཚང་ལུང་རྟོགས་བསྟན་འཛིན།  ཡིག་བསྟར་བ།  རྒྱུ་ནེ་བསམ་གཏན་བཟང་མོ།  སྒང་སར་ཚུལ་ཁྲིམས་བཟང་མོ།  ཧོར་རུ་སྒྲིབ་སྦྱོང་བཟང་མོ།  ཁྱུང་པོ་ཚུལ་ཁྲིམས་ཚེ་འཛིན། ཁྱུང་པོའི་ལྡོང་ལུགས་ལྷ་རིས་པ།  ལྡོང་མདོ་འབྱོར་རྒྱས།  ཧོར་ཚང་ནོར་བུ་གཡུལ་རྒྱལ།  ཡག་གཟའ་བུ་འབང་།  སྲུང་སྐྱོབ།  ཁྱི་ཕྲུག།  ལྷུན་གྲུབ།  ཁྱུང་པོའི་ཁྲ་བྲིས་ཡིག་གཟུགས་མཐུན་སྦྱོར་བ།  རྒན་དབང་གྲགས་སྐྱབས།  ཁྱུང་རུ་ཟླ་བ་དོན་འགྲུབ།  མགར་ཆུང་བཟོད་པ།  གསེར་ཤུན་ཚང་།  མཁོ་མཐུན་ལས་སྦྱོར་བ།  སྟེང་དགོན་བཤད་སྒྲུབ་སློབ་གླིང་།  ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད།  དགེ་བཤེས་ཡོན་ཏན་ཕུན་ཚོགས།  ཧོར་ཚེ་དབང་རྣམ་རྒྱལ།  སྟག་ཚ་བཟོད་པ་དོན་ལྡན།  སོ་ཐར་བསྟན་འཛིན།  སྦྲི་ཀརྨ་འཕྲིན་ལས།  མཁན་ཚུལ་ཁྲིམས་རིན་ཆེན།  དྲང་སྲོང་བསྟན་འཛིན། ཁྱུང་ཁྲི་ལྡེ། ཞང་ཞུང་བཟོད་པ།  གཙོ་གཉེར་སྡེ་ཁག།  ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་།  བསྟན་སྦྱིན་དད་པ་ལྡན་པའི་ཞལ་འདེབས་འབུལ་མཁན།  ཧོར་ཁྱུང་གཉིས་ཀྱི་གཙོས་པའི་བོད་གངས་ཅན་སྟོད་སྨད་བར་གསུམ་གྱི་དད་ལྡན་གཏོང་ཕོད་ལྡན་པའི་ལྷག་བསམ་ཅན་རྣམས་ཀྱི་དད་སྦྱིན་དངུལ་སྨར་ཕུལ་བའི་གྲངས་དང་།  འབུལ་བ་པོའི་མཚན་བཅས་ཡིག་ཚོགས་མང་དོགས་ཀྱིས་རེ་རེ་བཞིན་མ་སྨོས་པ་ཟུར་གསལ་ལྟར་གྱི་ཆོག་པར་བྱས། དེ་ལྟར་སྤྱི་ཁྱབ་འགན་འཛིན་གཙོས་པའི་སྒོ་མཛོད་དཔེ་ཞུས་ཚན་པའི་ལས་སྣེ་ཡོངས་དང་།  ལྷ་སྡེ་དད་ལྡན་གྱི་བསྟན་སྦྱིན་བྱས་པའི་རྒྱུ་སྦྱོར་ཡོན་བདག་བཅས་པ།  ལས་དང་སྨོན་བསོད་ནམས་བཟང་པོའི་མཐུ་ལས་བྱུང་ཞིང་།  ལས་དོན་འདི་ཡི་གོང་འོག་བར་གསུམ་རང་རང་གི་ནུས་ཚོད་ཀྱིས་ཚོགས་བསགས་ཐུན་མོངས་མཉམ་སྦྲེལ་ཆེན་པོའི་འབད་པ་ལས་ད་ལན་གྱི་དཔེ་ཚོགས་འདི་ལེགས་སྒྲུབ་བྱུང་བ་རེད་ཅེས་སྤྲོ་བ་ཆེན་པོའི་སྒོ་ནས་ཞུའོ།། 

གསུམ་༽ད་ལྟའི་ལས་དོན་གྲུབ་པ་འདི་ཡི་མ་འོངས་པའི་འདུན་ལམ་གྱི་དམིགས་སོ་ནི། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་བྱོན་པའི་བསྟན་པའི་འདུས་སོ་ལུང་གི་བསྟན་པ་རིན་པོ་ཆེ། 

དུས་དང་འཚམས་པའི་གོམ་པ་རིམ་བགྲོད་དགོས་པ་བརྟེན།  རྒྱུན་འཛིན་བྱ་ཐབས་གལ་གནད་སྡེ་ཚན་བཞི་ལ་འདུས་ཡོད་པ་སྙམས། 

༡༽ལྷ་སྡེ་མི་དམངས་ཁྲོད་དུ་སྲོལ་རྒྱུན་རིག་གནས་ཀྱི་རྟེན་གསུམ་བཞེངས་སྐྲུན་བྱེད་པ་དད་རྟེན་ངོ་མར་དྭང་བ་འདྲེན་པ་དང་།  ཚོགས་གཉིས་བསགས་པའི་མོས་མདུན་མི་ནུབ་པའི་དད་རྫས་སུ་མཐོང་རྐྱེན་མངོན་གྱུར་ཡོང་བ་བྱེད་རྒྱུ།  

༢༽ལུང་དོན་སློབ་པའི་བཤད་པ་དང་སྒྲུབ་པའི་འདུས་སྡེའི་སྒྲིག་ལམ་གཅེས་སྒྲིགས་དོ་དམ་ནན་རུ་བཏང་བའི་དཔེ་སྟོན་བཟང་པོར་འགྱུར་བ་བྱ་རྒྱུ།  

༣༽སྤྱི་ལོ་༢༠༡༥ནས་བཟུང་བོན་གྱི་གསུང་རབ་འགྲིམ་སྤེལ་བྱེད་པ་འབངས་ཚད་གཙོ་བོར་མ་ཡིན་པར། གསལ་དག་འགྲིག་གསུམ་གྱི་སྤུས་ཚད་གཙོ་བའི་འགྱུར་བ་ཕྱོགས་ཡོངས་ལ་གཅིག་གྱུར་འགྲོ་བ་བྱ་རྒྱུ། 

༤༽གསུང་རབ་ཁྱབ་སྤེལ་དུས་རབས་དང་མཐུན་པ་སྤེལ་རྒྱུ་ཁ་ཡོད་ལག་ཡོད་ཀྱི་ལག་བསྟར་དགོས་པ་དང་བཅས་བཞི་རུ་ངེས་པ་ཡིན།  དེ་དག་རིམ་བཞིན་མདོ་ཙམ་བཤད་ན་དང་པོ་ནི་བོན་གྱི་ལྷ་འབངས་སུ་གྱུར་བའི་མོས་ལྡན་དད་པ་ཅན་གྱི་འཚོ་བའི་ནང་དུ་རྟེན་གསུམ་བཞེངས་སྐྲུན་བྱེད་པ་དག་སྣང་ཐུན་མོངས་མ་ཡིན་པའི་སྲོལ་རྒྱུན་ཡིད་ཆེས་ཡོད་པ་མི་ཉམས་པའི་སློབ་གསོ་བྱེད་རྒྱུ་དང་།  སྒྱུ་རྩལ་ལྡན་པའི་རིག་དངོས་ལ་མཐོང་ཆེན་བྱེད་པའི་དཔེ་སྟོན་ཚད་གཞི་ལྡན་པ་སྤྱི་ཚོགས་ཁྲིམས་རའི་ནང་རིན་ཐང་ཅན་དུ་འགྱུར་བ་དང་།  རིན་ཐང་ལ་སྤྱི་ཚོགས་དང་མཐུན་པར་རིམ་པ་ཡོད་པའི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུ།  དེ་ཡང་རིག་གཞུང་ནང་དོན་གྱི་གོ་བ་ཆ་ཚང་ལོན་མིན་ལ་མ་ལྟོས་པར།  སྤྱི་ཚོགས་ཀྱི་འཚོ་བའི་འཕྲོད་རྟེན་དང་།  བདེ་འཇགས་འཁོར་ཡུག་སྲུང་སྐྱོབས།  མི་ཚེའི་རིན་ཐང་ལྟ་བ་སོགས་ཁ་ཡོད་ལག་ཡོད་ཀྱིས་མི་དམངས་ཀྱིས་ལོངས་སུ་སྤྱོད་ཐུབ་པའི་དགོས་མཁོ་ཡོད་པ་རྩལ་འདོན་བྱེད་པའི་ཐོག།  མདོ་སྔགས་སེམས་གསུམ་གྱི་དགོངས་དོན་མི་ཉམས་འདེགས་པའི་རྐང་རྩ་མི་དམངས་གི་འཚོ་བའི་ནང་དུ་འཛུགས་ཐུབ་པར་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པས།  དེ་ལུགས་ཀྱི་བླང་དོར་ངེས་པར་དུ་བྱེད་དགོས།  

༢༽རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱེད་པའི་བཤད་གྲྭ་དང་སྒྲུབ་གྲྭའི་སྒྲིག་ལམ་ཚད་མཐོར་བཏང་ནས་གསུང་རབ་ཀྱི་ཉིང་དོན་ངོ་མ་སེམས་རྒྱུད་ལ་སྐྱེ་བའི་ལག་ལེན་བྱེད་སྟང་འདི་གཙོ་བོ་ཡིན་པས།  མ་འོངས་པའི་དམིགས་པའི་གཏད་སོ་ངོ་མ་འདི་ལ་ཕྱོགས་ཡོངས་ནས་བཤད་སྒྲུབ་ཀྱི་སློབ་གཉེར་ཐད་འཆར་ཅན་གྱི་ཚད་གཞི་ཡོད་པ་དང་།  སྒྲིག་ལམ་ཡོད་པ། རང་འགུལ་གྱི་གཅིག་གྱུར་ཐོག་མི་དམངས་ཡོངས་ལ་མངོན་ཚུལ་གཅིག་གྱུར་གྱི་ཚད་མཐོང་ཡོད་པ་བྱེད་རྒྱུའི་འཆར་འགོད་ཡོད་པ་བྱེད་དགོས།  

༣༽དེ་སྔོན་བསྐྲུན་པའི་གསུང་རབ་གོང་གསལ་ལྟར་ཇི་སྙེད་ཅིག་ཡོད་པ་འདི་རྣམས་ཡང་གདབ་བསྐྱར་གདབ་ཀྱི་གྲངས་འབོར་མང་དུ་བཏང་བ་མ་ཡིན་པར་ད་ནས་བཟུང་གསུང་རབ་གང་བསྐྲུན་གསལ་བ་དང་།  དག་པ། འགྲིག་པ་གསུམ་རིམ་བཞིན་དུ་འབྱུང་ངེས་པའི་ཞུས་སྒྲིག་སྤེལ་བའི་མཛད་རིམ་ཕྱོགས་ཡོངས་ནས་གཅིག་གྱུར་འགྲོ་བའི་ན་རིམ་སྨིན་པའི་ཚད་དང་བསྟུན་ནས། ལུང་གི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མ་ནོར་བ་ནི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་གནད་ལ་ཁེལ་ཡོད་པའི་མཚམས་ཚིགས་སུ་སླེབ་པ་ཤེས་དགོས་རྒྱུ་དེ་ཡིན།  

༤༽བརྡ་འཕྲིན་གྱི་དུས་རབས་དང་བསྟུན་པའི་འཕྲུལ་ལམ་དུ་གསུང་རབ་དཔེ་ཚོགས་མངོན་པར་བྱས་ནས།  འཛམ་གླིང་གི་སྤྱི་ནོར་དུ་འགྱུར་བའི་དེང་རབས་ཅན་གྱི་ཡོ་ཆས་འཕྲུལ་དེབ་། བརྙན་དཔར་སོགས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོས་དང་མཐུན་པའི་བརྡ་ཁྱབ་ཐུབ་པའི་ལས་འཆར་གོ་རིམ་ལྡན་པའི་ཐོག།  བསྟན་པ་རིན་པོ་ཆེིའི་གདུལ་བྱའི་ཁམས་དང་འདྲེས་པའི་ཐབས་ཤེས་ཡོད་དགུ་བསྐྲུན་རྒྱུ་དེ་ཡིན་ནོ།།

 

 

དེ་ནས་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་པའི་འཛམ་གླིང་གི་བསྟན་འཛིན་སྐྱེས་ཆེན་རྣམས་ལ་བཀའ་འགྱུར་ཚར་རེའི་དཔེ་ཕུད་ཕུལ་བ་སྟེ།

 

 

དཔེ་ཕུད་དང་པོ།  ༧ གངས་ཅན་མགོན་པོ་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་མཆོག་ཉི་མ་གཞོན་ནུ་འགྲོ་ཁམས་གདུལ་བྱའི་དཔལ་དུ་རྟག་པར་བཞུགས་པའི་ཕྱིར་དུ་རྒྱལ་བའི་བཀའ་རིན་པོ་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་གཉིས་པ།  ༧འཛམ་གླིང་གཙུག་རྒྱན་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་མཆོག་ཟླ་འོད་གཞོན་ནུ་སྲིད་གསུམ་འགྲོ་བའི་མགོན་དུ་གཡོ་མེད་བཞུགས་པའི་ཕྱིར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་གི་དཔེ་ཕུད་ཕུལ། 

དཔེ་ཕུད་གསུམ་པ།  ༧དམུ་རྒྱལ་གདུང་འཛིན་༧  རྒྱལ་དབང་གཤེན་གསས་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་བཞི་པ།  གདན་ས་གཡུང་དྲུང་གི་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

 དཔེ་ཕུད་ལྔ་པ།  གདན་ས་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

 དཔེ་ཕུད་དྲུག་པ།  གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

 དཔེ་ཕུད་བདུན་པ།  གདན་ས་ཁྲི་བརྟན་ནོར་བུའི་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་བརྒྱད་པ།  གདན་ས་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་མཆོག་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་དགུ་པ།  རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་བཅུ་པ།  གྲུབ་དབང་ཤར་རྫའི་རྒྱལ་ཚབ་ཨ་འཇིག་རིན་པོ་ཆེ་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

དཔེ་ཕུད་བཅུ་གཅིག་པ།  མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་ལ་བཀའ་འགྱུར་ཚར་གཅིག་གི་དཔེ་ཕུད་ཕུལ།

 

 

    དེ་ནས་སྒོ་མཛོད་དཔེ་རྙིང་ལེགས་བསྐྲུན་ལ་སྒོར་ཁྲི་གཅིག་ཡན་མཐུན་སྦྱོར་གནང་མཁན་རྣམས་ལ་བཀའ་དྲིན་ལེགས་གསོལ་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རེ་དང་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་ཁྱེར་རེ།མདོ་རྣམ་རྒྱལ་དང་གསེར་འོད་གང་རུང་གི་གསུང་པོད་རེ་དང་མགུལ་དར་རེ་བཅས་ཕུལ།


 

    དེ་ནས་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་སམ་རྒྱལ་བའི་བཀའ་འགྱུར་ཆེན་མོ་དག་སྐྲུན་སྐབས་མ་ཕྱིའི་མཐུན་རྐྱེན་གནང་མཁན་རྣམས་ལ་བཀའ་དྲིན་ལེགས་གསོལ་ཕུལ་བ་སྟེ།པོད་དུ་མ་གཡར་མཁན་རྣམས་ལ་ཁམས་ཆེན་རེ་དང་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་ཁྱེར་དང་མགུལ་དར། པོད་གཉིས་གསུམ་གཡར་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཕྱག་ཁྱེར་རེ་དང་།གསེར་འོད་དང་མདོ་རྣམ་རྒྱལ་གང་རུང་དང་མགུལ་དར་རེ་ལེགས་སྐྱེས་སུ་ཕུལ།

 དེ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་ལས་སྣེ་ཡོངས་ལ་ཐུགས་རྗེ་ལེགས་གསོལ་ཕུལ་བ་སྟེ།  ལོ་གཅིག་ཡན་གྱི་དཔེ་རྙིང་ཞུས་སྒྲིག་པ་རྣམས་ལ་བཀའ་འགྱུར་ཚར་རེ་དང་གཞན་རྣམས་ལ་བཀའ་དྲིན་ལེགས་གསོལ་དུ་མདོ་རྣམ་དང་གསེར་འོད་གང་རུང་གི་ལེགས་སྐྱེས་བསྩལ་ཏེ་སྔ་དྲོའི་མཛད་སྒོ་མཇུག་བསྡུས་པའོ།།

 དེ་ནས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༢པའི་ཐོག་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དབྱངས་ཏེ་ཁྱུང་པོ་སྟེང་ཆེན་དགོན་དུ་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་བྱུང་ནས་མི་ལོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དབུ་བཙུགས།

དེ་ནས་མཛད་སྒོའི་དབུ་བཞུགས་རྣམས་དང་བཤད་སྒྲུབ་འདུས་པ་རྒྱ་མཚོའི་ཚོགས་དང་སྐུ་མགྲོན་ཡོངས་ལ་འབྲས་སིལ་མར་ཁུའི་གསོལ་སྟོན་དྲངས་ཏེ།  ཁྱུང་པོའི་སྟེང་ཆེན་དགོན་པའི་བཤད་སྒྲུབ་སློབ་གཉེར་རྣམས་ཀྱི་ཉིས་སྟོང་བཅུ་བཞི་ལོར་གཞུང་ལུགས་རྩོད་རྒྱུགས་རིག་གནས་རྩོམ་རྒྱུགས་ད་དུང་གཞུང་དང་རིག་གནས་ཡིག་རྒྱུགས་སྐབས་སྦྱང་འབྲས་ཕུལ་བྱུང་ཐོབ་པའི་སློབ་མ་རྣམས་ལ་༧ཁྱུང་དགོན་ཁྲི་འཛིན་བླ་མ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་དབུས་པའི་དགོན་འདིའི་དབུ་འཛིན་ཡོངས་ཀྱིས་བྱ་དགའི་ཨང་ཀི་རིམ་པའི་གཟེངས་རྟགས་དང་།  དངུལ་སྨར་བཅས་གནང་བ་མ་ཟད།  འཇུག་མཐར་བཤད་སྒྲུབ་སློབ་དཔོན་རྒྱལ་བ་བསྟན་འཛིན་ཆེན་པོ་ཆེས་སྔ་ཕྱི་ད་གསུམ་སློབ་ཚོགས་སྐྱོང་བའི་མྱོང་བ་མངོན་སུམ་དུ་བསྟར་བའི་གསུང་བཤད་ཞིབ་རྒྱས་མཛད་པ་དང་།  བཤད་སྒྲུབ་འདུས་སྡེའི་སློབ་ཐོན་མཁན་པོ་རྣམས་ལ་ཉེར་ལྔའི་དྲན་དེབ་རེ་དང་ལེགས་སྐྱེས་མགུལ་དར་འབུལ་རྒྱུ།  དེ་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་མཁན་པོ་ཚོགས་གཉིས་རྒྱ་མཚོའི་ནོར་བུ་མཆོག་གི་མཐུན་སྦྱོར་གནང་བའི་ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སློབ་ཐོན་མཛད་སྒོ་སྤེལ་བ་སྟེ།  དང་པོ་མཁན་བློ་གྲོས་དབང་ཕྱུག་མཆོག་ནས་ཞང་བོད་ལྷ་རིས་ཀྱི་ལོ་རྒྱུས་དང་དེ་ཉིད་མི་ཉམས་གཅེས་སྲུང་དགོས་པའི་ལམ་སྟོན་བསླབ་བྱ་གསུངས།

 

 

 

ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལྷ་རིས་དབུ་ཆེན་རྣམ་གཉིས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་ཁྱེར་ཕུལ།

 

 

དེ་ནས་ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལྷ་རིས་སློབ་མ་རྣམས་ལ་གཟེངས་རྟགས་ལེགས་སྐྱེས་ཕུལ།

 

 

    ཨང་དང་པོ།  ཚེ་དབང་ནམ་མཁའ།  བསོད་ནམས་དར་རྒྱས།  དྲི་མེད།  ཚེ་དབང་ལྷ་བསྟན།

 

 

དབུན་ཆེན་རྣམ་གྱིས་སྐར་མ་བསྐྱོན་བཞིན་པ།

 

ཨང་གཉིས་པ།  སྟོབས་ལྡན།  གཡུང་དྲུང་རྒྱལ་པོ།  ནམ་མཁའ་ཚེ་དབང་།  དཔའ་གྲགས།  རྣམ་རྒྱལ།  བསོད་ནམས་དབང་ཕྱུག  ཤེས་རབ་ཕུན་ཚོགས།  བསོད་ནམས་རྒྱལ་མཚན།  

ཨང་གསུམ་པ།  ནོར་རྒྱལ།  འབྲུག་གྲགས། ཉི་མ་ཚེ་དབང་།  སྐལ་བཟང་ཉི་མ།  བཀྲ་ཤིས་ཟླ་བ། བཀྲ་ཤིས་ཚེ་ཐར།  ཚེ་རིང་དཔའ་འབྱོར།  རིག་འཛིན་དབང་རྒྱལ།  ཚེ་དབང་བློ་གྲོས།

ཨང་བཞི་པ།  གཡུང་དྲུང་དབང་རྒྱལ།  ནམ་མཁའ་གཡུང་དྲུང་།  བློ་གྲོས།  ཚེ་གྲགས།  ཐོགས་མེད་ཚེ་རིང་།  ཕུན་ཚོགས་བསམ་འགྲུབ།  བསོད་ནམས་དབང་རྒྱལ།  

 

    དེ་ནས་གཤེན་སྡེ་འདུས་པ་ཡོངས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པ་དང་།སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་བོན་བསྟན་འཛིན་པའི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཕྱིར།གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་བསྟན་འབར་མ་གྱེར་ཏེ་ཉིན་དེའི་མཛད་སྒོ་མཇུག་བསྡུས་པའོ།།

 

ཀུན་རིག་ལས་བཞི་རྒྱུན་ལྔའི་མཇུག་ཏུ་སྨོན་ལམ་ཆེན་མོའི་སྐབས།

 

 

འདིར་ཕེབས་པའི་སྦྱིན་བདག་ཆེན་མོ་རྣམས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།