༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 2 དགོན་སྡེའི་སློབ་གསོ།
2 དགོན་སྡེའི་སློབ་གསོ།
རྨེའུ་སྟོན་དཔལ་ཆེན་གྱིས་སྨན་གོང་བ་སོགས་ལ་གདམས་པ།
[ཟླ་ཚེས།:2017-05-12] [གཟིགས་ཐེངས:]

  (1052-1106)
རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན། ཟངས་རི་རྨེའུ་ཚང་།
 
    སྨན་གོང་བས་ཞུས་པ། ལྟ་བའི་མཐའ་ཐུག་ཅིག་གསུང་པར་ཞུ་ཞུས་བས། སྣང་བ་ཐམས་ཅད་སྣང་ཞིང་བདེན་པས་སྟོང་།། སྟོང་པ་དེ་ཉིད་སྣ་ཚོགས་འཆར། དེ་ཕྱིར་སྣང་དང་སྟོང་པ་ཐ་དད་མེད།། སྟོང་པ་ཉིད་ལ་གཅིག་ཏུ་མ་གྲུབ་པས།། གཅིག་དང་ཐ་དད་ཡོད་མེད་རྟག་ཆད་བྲལ།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་རུ།། དེ་ལ་འདི་ཉིད་བདེན་ཞེས་ཞེན་པ་མེད།། ལྟ་བ་མེད་པ་ལྟ་བའི་མཐར་ཐུག་ཡིན།། ཞེས་དང་།
    ཀ་བཀའ་རྒྱུད་གསུང་རབ་འཛིན་པ་ཡི།།

 ཁ་ཁ་བ་ཅན་གྱི་བོད་ཡུལ་འདིར།། 

ག་གངས་དཀར་སེང་གེའི་བུ་རྒྱུད་བཞིན།།

 ང་ང་བདག་བྲལ་བའི་དཔལ་ཆེན་ངས།།

 ཅ་བཅོས་མེད་ཐོས་བསམ་སྒོམ་གསུམ་ལ།། 

ཆ་ཆུ་བོ་བཞིན་དུ་འབྲལ་མེད་སྦྱངས།།

 ཇ་བྱེ་མའི་གྲངས་ཙམ་ལ་ཤན་ཕྱེད།། 

ཉ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་།།

 ཏ་སྟོང་ཉིད་ཟབ་མོ་མཐའ་བྲལ་ལྟ་བ་ལྡན།། 

ཐ་ཐག་ཆོད་ད་ལྟའི་བེམ་རིག་བྲལ།། 

ད་ད་རུང་ཉེ་འབོད་དབུས་འདི་རུ།། 

ན་ནམ་ཡང་སྐྱེ་བ་གསུམ་བཞི་ཞིག།

 པ་པཎྚི་ཏ་དང་དཔའ་བོ་དང་།།

 ཕ་ཕར་ཕྱིན་རྣལ་འབྱོར་ལུས་ཀྱང་ལེན།།

 བ་བེམ་པོ་རུལ་བའི་ལུས་པོ་འདི།། 

མ་མེ་ལ་མ་བསྲེགས་རྒྱུད་པ་དང།། 

ཙ་ཙ་རིགས་ཅན་གྱི་གཞི་བདག་འཁྲུགས།། 

ཚ་ཚ་ཡི་ཚུལ་དུ་མངའ་གསོལ་བས།། 

ཛ་རྫུ་བག་གསལ་ལ་གཏེར་དུ་སྦོས།། 

ཝ་ཝལེ་ཧྲིག་གེ་ཚེ་སྔོན་ལས།། 

ཞ་ཞང་ཞུང་རྒྱ་གར་རྒྱ་ནག་དང་།།

 ཟ་ཟ་ཧོར་བ་གོར་བྲུ་ཤ་དང་།།

 འ་འ་ཞའི་ཡུལ་དུ་ལུས་བླངས་ནས།། 

ཡ་ཡི་དམ་སྒྲུབ་པའི་གྲུབ་རྟགས་དང་།།

 ར་རིང་སྲེལ་སྐུ་གདུང་མ་འབྱོན་ཏེ།།

 ལ་ལས་མཐའ་ཅན་གྱི་དུས་མཐར་འདོན།། 

ཤ་ཤ་རི་རམ་གྱི་འཕེལ་གདུང་ལ།། 

ས་ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།།

 ཧ་ཧོར་ཡུལ་མཐའ་རིས་ཚུན་ཆད་དུ།། 

ཨ་ཨ་ཧོ་ཡུལ་འདིར་ཁྱབ་པར་གྱུར།།

 ཀ་ཀ་སྨད་སུམ་ཅུའི་ཞལ་ཆེམས་འདི།། ཡིད་ཆེས་པར་མཛོད་ལ་ཐུགས་ལ་ཞོག།། ཞེས་གསུངས།
     སེ་སྟོན་གྱིས་ཞུས་པ། མདང་ད་ནང་རྗེ་ཡི་མཛད་སྤྱོད་ལ་བལྟས་པས་བདག་རྣམས་ཡིད་མ་རངས། རྣམ་ཤེས་སྙིང་གཟེར་གྱིས་ཐེབས། ཐབས་ཟད་སྡུག་གི་མཆི་མས་བརྣམང་། ད་རུང་འགྲོ་བ་དྲང་ཕྱིར་དུ། མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། ཞུས་པས། དེ་ནས་སྐུ་བརྩོན་པར་ཅོག་པོར་བཞེངས་ནས་འདི་སྐད་གསུངས། ཡེ་ཉོན་དང་འཁོར་རེ་ཇོ་བོ་ཚོ།། དད་ལྡན་འདུས་པའི་བུ་ཚོ་ཉོན།། དལ་འབྱོར་རྙེད་པ་དཀའ་བ་རྙེད་ཚེ་མདོ་དོན་སྒྲུབས།། ནམ་འཆི་ངེས་པ་མེད་ཀྱིས་དགེ་སྦྱོར་རིམ་གྱིས་འབོད།། སངས་རྒྱས་གཞི་མ་ཡིན་གྱིས་སྙིང་རྗེ་བྱམས་སེམས་སྒོམས།། རང་སེམས་སྤྲོས་བྲལ་ཡིན་པས་སྤྲོས་མེད་ངང་ལ་ཞོག། སྣང་སྟོང་དབྱེར་མེད་ཡུན་པས་ཞེན་མེད་དྲན་པར་བསྟེན།། གནོད་བགེགས་ཕ་མ་ཡིན་པས་བྱམས་དང་སྙིང་རྗེ་སྒོམས།། རྐྱེན་ངན་དགེ་བསྐུལ་ཡིན་པས་གང་བྱུང་ལམ་དུ་ཁྱེར།། ཐར་པའི་རྩ་བ་ཡིན་པས་ཚུལ་ཁྲིམས་སྲོག་ལྟར་སྲུངས།། དགེ་སྦྱོང་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས།། རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་ལ་ཆོད།། འཆི་བ་མྱུར་དུ་འོང་ངོ་གྲབས་སུ་ཚུད་པར་གྱིས།། ཞེས་གསུངས། འདི་ཡན་དངོས་སློབ་འོད་གསལ་རྒྱལ་མཚན་གྱིས་མཛད་པའི་རྨེའུ་དཔལ་ཆེན་གྱི་རྣམ་ཐར་ནོར་བུ་འཕྲེང་བ་ལས་བཏུས།
   སྨན་གོང་བས་ཞུས་པ། ཀྱེེ་པཎ་གྲུབ་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་དངོས་སློབ་རྣམས་ལ་ལྟ་བ་ལ་བཟླས་པའི་གདམས་པ་མཐར་ཐུག་པ་ཅིག་གསུངས་སུ་གསོལ། ཞུས་པས་སྐུ་འགྱིང་སྟབས་དང་བཅས་ཏེ་གསུངས་པ། ལྟ་བ་མཐར་ཐུག་མན་ངག་སྤྲོས་པའི་མཐའ་བརྒྱད་འབྲལ་དགོས། འདི་ལྟར་སྣང་བ་ཐམས་ཅད་སྣང་ཞིང་བདེན་པས་སྟོང་།། སྟོང་བ་དེ་ཉིད་སྣང་བའི་རྒྱན་ཤར་རང་བཞིན་སྟོང་།། དེ་ཕྱིར་སྣང་སྟོང་གཉིས་མེད་དབུ་མའི་ལམ་ལ་བསྙེགས།། སྐྱེ་འཇིག་གནས་གསུམ་རོལ་བ་སྐྱེས་ཤིང་ངོ་བོས་སྟོང་།། སྟོང་པའི་རང་བཞིན་འགག་མེད་སྤྲོལ་བྲལ་རྒྱན་ཤར་བ།། དེ་བཞིན་སྐྱེ་འགག་གཉིས་སྟོང་དབུ་མའི་ལམ་དུ་འཁྱེར།། དངོས་རྣམས་ངོ་བོ་མཐོང་ཡོད་སྣང་བ་ལྟར་འདུག་ཅིང་།། དོན་དུ་བདེན་པ་མེད་ཅིང་མེད་པའི་གོ་མ་ཆོད།། ཡོད་མེད་གཉིས་སྟོང་རྒྱན་ཤར་དབུ་མའི་ལམ་ཡིན་ནོ།། དེ་དག་རྟག་པ་མཐའ་བཟུང་མ་ཡིན་རྟག་མཐའ་འདས།། རོལ་པ་སྐྱེ་མཆེད་ཆད་པ་མ་ཡིན་སྣང་ཞིང་སྟོང་།། དེ་བཞིན་རྟག་ཆད་གཉིས་སྟོང་དབུ་མའི་ལམ་ཡིན་ནོ།། དེ་ཡང་རོལ་བ་བསྐྱེད་མཆེད་ལྟར་སྣང་དབུ་མ་སྟེ།། མཐའ་བརྒྱད་རྣམ་པར་བྲལ་བས་དབུ་མ་རང་རྒྱུད་ཅེས།། དེ་དག་ལམ་གྱི་གཞི་འཛིན་ཕར་ཕྱིན་ཐེག་པའི་ལུགས།། དེ་ལའང་ཚན་མ་ཀུན་དང་བྲལ་བའི་དབུ་མ་བས།། གཅིག་དང་དུ་བྲལ་མུ་བཞི་སྐྱེ་འགོག་གཏན་ཚིགས་དང་།། བོན་རྣམས་ཐ་སྙད་ཙམ་ཡང་མ་གྲུབ་མཐའ་འགྱུར་དང་།། སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་རོལ་ཕྱིན་པ་རྫོགས།། དེ་ལའང་རིམ་གཉིས་ལམ་གྱི་རྣལ་འབྱོར་བྱ་རྒྱུད་ཀྱིས།། སྒྱུ་ལུས་མཚན་དཔེ་ལྷ་སྐུ་རིག་སྟོབས་ཡེ་ཤེས་བསྒྲུབ།། དེ་ཡི་ལག་རྗེས་རྗེས་ཐོབ་སྐད་ཅིག་གཅིག་གི་བྱེ་བྲག་ལ།། སྐད་ཅིག་གཅིག་གི་སྐུ་གསུམ་རང་ཤར་རྫོགས་སངས་རྒྱས།། དད་ལྡན་སྨན་གོང་སྨར་སྟོན་སེ་གཤེན་ཁོ་རེ་ཚོ།། ལྟ་བའི་མཐར་ཐུག་ཡིན་པས་མན་ངག་སྣོད་ལྡན་མཛོད།། ཨེ་མ་ལྟ་བ་འདི་བདེན་ཞེས་པའི་ཕྱོགས་ཞེན་བདེན་གྲུབ་ལྟ་བ་མེད།། གཞི་སྟོང་རྩལ་རྫོགས་གསལ་རིག་འཛིན་མེད་ལྟ་བའི་མཐའ་ཐུག་ཡིན།། གཏན་དུ་བདེ་བ་སྟོང་བ་ཉིད་ཀྱི་ངོ་བོ་ཡིན་ནོ་བུ།། རྣལ་འབྱོར་འདའ་ཁའི་ཞལ་ཆེམས་ལྟ་བའི་མཐར་ཐུག་འདིའི་ལྷག་མེད།། ལྟ་མེད་ལྟ་བའི་མཐར་ཐུག་ཡིན་ནོ་སློབ་བུའི་ཚོགས་ཀྱིས་ལོངས།། ཞེས་གསུངས་སོ།། འདི་རྒྱལ་ཚབ་ཀུན་བློའི་གསུང་འབུམ་པོད་ལྔ་པ་ལས་བཏུས།
                 ༢༠༡༧/༥/༡༡/ ལྷ་རབས་པས་དཔལ་ཆེན་གྱི་རྣམ་ཐར་ལས་གུད་དུ་ཕྱུང་།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།