༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 3 བརྩམས་སྒྲུང་།
3 བརྩམས་སྒྲུང་།
ཕྱིར་ལོག་པའི་གྲྭ་པ།
[ཟླ་ཚེས།:2017-05-04] [གཟིགས་ཐེངས:]


                                                                                                          རྩོམ་པ་པོ་ལྷ་གདོང་སེམས་དཔའ།


དགོང་མོ་ཞིག་ལ་གློད་འོད་ཆེམ་ཆེམ་འཕྲོ་བའི་ཁང་ཆུང་ཞིག་ནང་གཉིད་དུ་མ་ཡོལ་བའི་མི་ཧྲེང་ཞིག་ཧུན་ཤུ་གཏོང་བཞིན་ཅི་ཞིག་བོར་སོང་བ་འདྲ་བར་སྐབས་རེ་མགོ་བོ་དུད་ལ་སྐབས་རེ་མགོ་བོ་ལྟག་རྒྱབ་ཏུ་གཡུག་བཞིན་བསྡད། ཕྱི་ཉིན་མོ་བ་མོ་ཆགས་པའི་དགོན་འདབས་ཤིག་ནས་རྒྱང་རིང་དུ་རྐང་རྗེས་ཕྲ་མོ་ཞིག་གིས་ནག་རོག་རོག་གི་གཟུགས་རིས་ཤིག་རྗེས་འདེད་བྱས་པ་གྲྭ་པ་ཁག་ཅིག་གིས་མཐོང་། དེ་ནས་གཏམ་ངན་ཞིག་གིས་དགོན་པའི་ཕྱི་ནང་ཁྱབ། དགོན་འདབས་ཀྱི་རྒད་པོ་ལོ་ལོན་དེས་"ཨ་ཙི་་་ཕྲུག་གུ་ཡག་པོ་དེ་དེ་འདྲ་བུད་འགྲོ་རེད་བསམ་པ་མ་བྱུང་། ཨཱོ་མ་ཏྲི་མུ་ཏྲི་མུ་ཡེ་ས་ལེ་འདུ། ད་་་མ་ལྷ་འཛོམ་ལ་སྡུག་གཏད་ཡོད་རེད"ཟེར་ནས་མ་ཏྲི་ཟློ་བཞིན་སྡད། དེ་ལས་རྒྱང་མི་རིང་བའི་དུད་ཚང་ཆུང་ཆུང་ཞིག་གི་ཁང་གསེང་ནས་བུད་མེད་ཅིག་ངུ་འབོད་བྱེད་བཞིན་ཐོས། དེ་ནི་ཏག་ཏག་རྒད་པོ་ལོ་ལོན་དེས་བཤད་པ་བཞིན་ཨ་མ་ལྷ་འཛོམ་རེད། ཨ་མ་ལྷ་འཛོམ་ངུ་བཞིན་ངུ་བཞིན་"དེ་ལས་ཁོ་ཤི་སོང་ན་ཡག་ང་ཚོས་ཡག་ཡག་འཇིག་འཇིག་བྱས་ཀྱང་ཁོ་ད་དུང་མི་འདུག ཁོ་ཕར་ཤི་སོང་མ་ཟིག"  འུན་་་་་འུན་་་་་ཟེར་ནས་དྲན་མེད་བརྒྱལ་སོང་། "ཨ་མ། ཨ་མ། ལི་མག་1མེ་ཁྱེེར་ཤོག་གདུག་པ་དུག ལི་མག"ཨ་མ་དྲན་མེད་བརྒྱལ་བར་མཐོང་བའི་བུ་དབང་གྲགས་ཀྱིས་སྐད་འཕང་མཐོ་པོ་ཁྱིམ་མི་གཞན་ལ་བསྐུལ། གདུགས་པ་གདུག་པས་ཨ་མ་ཚུར་ཅུང་ལྷོད་ནས་ཁ་གྲགས་རྒྱུ་ཡོད་ཙམ་བྱུང་བས་དེ་མུར་དུ་ཨ་མ་ལྷ་འཛོམ་ཉལ་ཁྲི་སྟེང་བསྙལ་ནས་མལ་གོས་བཀབ། "ཇོ་བོ་རིན་པོ་ཆེ། ངས་ཁོ་བསད་མ་བཞག་ན། ང་ཚོས་ཡག་ཡག་འཇིག་འཇིག་བྱས་ནས་ཁོ་དགོན་པ་ནང་བཞག་ཀྱང་ཁོ་མི་འདུག ད་དུང་ཨ་མ་ལ་སྡུག་འདི་ཙམ་བསྟད་ནས"བུ་ཆེ་བ་དབང་གྲགས་ཤིན་ཏུ་ཁྲོས་ནས་ཡས་མར་རྒྱུག་ནས་མནའ་སྐྱེལ་བས་ཁོ་བུ་ཕྲུག་དེ་དག་གིས་ཉེས་པ་ཅི་ཞིག་བསགས་པ་བཞིན་ཁ་རོག་གེར་འགུལ་ཙམ་ཡང་མ་ཕོད་པར་སྡད། ཧ་ཧ་་་ཧོ་ཧོ་་་ཟེར་ནས་ཞི་མཐུན་གྱི་ཁྱིམ་གཞིས་ཤིག་སྐད་ཆ་གཅིག་གིས་ཡོད་ཚད་དངངས་སུ་བཅུག་ཡོ་ད་པ་འདིས་མི་ཚང་འདི་ལ་ཆོས་ཀྱིས་བཞག་པའི་བག་ཆགས་དང་གྲྭ་པ་ལ་འཆང་བའི་ལྟ་སྟངས་གཉིས་མངོན་ཡོད། ཏིང་ལིང་ལིང་་་། ཏིང་ལིང་ལིང་་་། དབང་གྲགས་ཁ་པར་ཉན་དུ་སོང་"ཝེར"  "ཝེར་་་ཁོ་ཚེ་དབང་དགོན་པ་ནང་ནས་བུད་སོང་རེད་ནོག2"

"སིག  གཟའ་རོ་དེ་བུད་སིག"

"ཅི་རེད་་་་ལོག་སོང་རེད་ཟེར་རམ"

"ལོག་ཚར་ཡོད་རྒྱུ་རང་?།"

"ཡིན་རྒྱུ་མ་རེད་པ་། ད་ལྟ་ང་ལ་ཁ་པར་བཏང་བྱུང་ལོག་ཡོད་སྐད་མི་བཤད་གདའ།"

"འདི་ནས་དེ་འདྲ་ཟེར་གིན་འདུག"

"དེ་ཕར་ཆེར་རྫུན་ཡིན་རྒྱུ་རེད། རྒྱ་ལ་ལོག་སོང་ན་ད་་ང་ཚོ་ལ་ཚུར་བཤད་འོང་རྒྱུ་རེད་མ་གཏོགས་དི་ནན3།"བུ་འབྲིང་བ་ཉི་མའི་སྐད་ཆ་དེས་དབང་གྲགས་ཅུང་ཙམ་དོགས་པར་བཟོས་ཏེ་རེ་ཞིག་བསམས་གཞིག་གི་ཀློང་ན་ལུས། གཏམ་ངན་དེ་གྲོགས་པོ་གྲགས་པའི་རྣ་རུ་ལྷུང་བས་ཁོ་མ་བཟོད་ནས་་ཚེ་དབང་ལ་ཁ་པར་གཏོང་། ཁོང་གཉིས་སྐད་ཆ་བྱས་ཀྱང་ཚེ་དབང་གིས་དེའི་སྐོར་ཅི་ཡང་མ་སྨྲས་པས་གྲགས་པས་འདྲི་ཐབས་བྲལ། ཚེ་དབང་ནི་ཆུང་དུས་ནས་སྡོམ་པ་བཞེས་པའི་གྲྭ་པ་ན་གཞོན་ཞིག་ཡིན་ཁོ་དགོན་པ་ནས་བུད་རྗེས་དགོན་པ་ནང་ཁོ་རང་སྔ་ས་ནས་སྡོམ་པ་འཆོལ་ཟིན་པའི་ཚུལ་ཁོ་རང་སྡད་པའི་སྐབས་ལ་གཞི་ནས་གྲུབ་མ་མྱོང་པའི་སྐད་ཆ་མང་པོ་གསར་དུ་བྱུང་ཡོད་པ་རེད། ཡིན་ནའང་དེ་དག་ལ་མནོ་བསམ་ཅི་ཡང་མི་གཏོང་བའི་ཚེ་དབང་ནི་གྲོང་ཁྱེར་གཅིག་གི་འགྲོན་ཁང་ཞིག་ནང་ཁ་པར་གཅིག་ལ་གདོང་གཏད་ནས་རང་ཉིད་ཀྱི་ཨ་མའི་ཕྱོགས་ལ་སེམས་ཁྲལ་བྱེད་བཞིན་བསྡད། ཁོས་ཀྱང་ཁོ་རང་གི་ལམ་དེ་འདྲ་ཞིག་བདམས་པ་ནི་ཨ་མར་ཕོག་ཐུག་ཆེན་པོ་ཞིག་ཕོག་འགྲོ་བ་སྔ་ས་ནས་རྟོགས་ནའང་ཁོས་ཁོ་རང་གི་འདོད་དོན་འགོག་མ་ཐུབ་པས་འདོད་དབང་དུ་ཤོར་བ་རེད། གང་ལྟར'འཕང་ཟིན་པའི་མདའ་ལ་ལོག་ཤོག་ཟེར་བ་མེད'པས་སེམས་ཁྲལ་ཅི་ཙམ་བྱས་ཀྱང་ད་ཕན་ཐོག་མེད་པ་བསམ་ནས་ཁོས་རང་ཉིད་གར་འགྲོ་དགོས་པའི་དོན་ལ་མནོ་བསམ་གཏོང་། རང་ཉིད་ལ་ཚུར་གཅིག་ལྟས་པས་ཏག་ཏག་'ཕོ་སར་བྱིས་འགྲོ'ཟེར་བ་ལྟར་དཔེ་དེབ་རེ་གཉིས་ལས་ཅི་ཡང་མེད་པའི་ཕོ་ཧྲེང་ཞིག་ཏུ་གྲུབ། ཁོ་ནི་ཁོ་རང་ཤེས་བྱ་གཞན་དག་ལ་མ་འཇུག་གོང་དཔེ་ཆའི་འགྲམ་དུ་བསྡད་ཚར་བའི་མི་བསོད་ནམས་ཅན་ཞིག་ཡིན་པས་ལས་ཅི་ཞིག་བསྒྲུབ་པར་བསམ་ཀྱང་དཔེ་ཆ་དང་ཁ་བྲལ་སོང་བ་གཅིག་ཀྱང་མེད་ལ་དཔེ་ཆ་དང་ཁ་བྲལ་བའི་ལས་སྒྲུབ་ཀྱང་མི་ཤེས། དེ་ཉིན་མོ། དེ་ལྟར་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་དྲུག་གསུམ་བཅོ་བརྒྱད་བཏང་ཀྱང་ཏག་ཏག་གནད་ལ་ཕེག་ལིད་ཅིག་མ་འཁོར། ཉིན་གཉིས་པར་ཁོ་རང་འགྲོན་ཁང་གི་ཕྱི་ལ་དོན་སྐབས་ཏག་ཏག་གྲོགས་པོ་ཞིག་ཐུག་པའི་ཁོ་གཉིས་ཇ་ཁང་ཆུང་ཆུང་ཞིག་དུ་མཉམ་དུ་སོང་ནས་ཇ་འཐུང་ཞོལ་ཕན་ཚུན་གླེང་མོལ་བྱེད་སྐབས་ཁོ་རང་གིས་སྐབས་འཕྲལ་གྱི་གནས་བབ་རྣམ་བཤད་པས་གྲོགས་པོས་ཞེ་དགུ་འགྲོ་བའི་ཇུས་སྟོན་པས་ཁོ་རང་དེ་དང་འཐད་པར་བྱས་པས་དེ་ནས་ཕན་ཚུན་ཁ་པར་ཨང་གྲངས་སྤྲད་རེས་བྱས། ཇ་ཁང་ནས་མར་ཐོན་པ་དང་ཁོ་གཉིས་ཁ་ཁར་གྱེས་པས་ཚེ་དབང་གྲོང་དེའི་དཔེ་མཛོད་ཁང་ཞིག་ཡོད་པ་དེར་སོང་། དེ་ནས་ཚ་སྒང་བློ་གྲོས་དཔལ་ལྡན་གྱི་རྩོམ་པས་[ཕྱིར་རྟོག]ཞེས་པ་དང་འགྱུར་དེབ་[ལེགས་གྲུབ་ཀྱི་ལམ]དང་དཔལ་ཤ་རྫ་བས་བཏུད་བའི་[བཀའ་ལུང་རྒྱལ་མཚོ]སོགས་དེབ་འདྲ་མིན་བཞི་ལྔ་ཙམ་ཉོས་ནས་ཕྱི་རོལ་དུ་འཁྱམས་འཁྱམས་ཏོག་ཙམ་བྱས་ནས་སླར་འགྲོན་ཁང་དུ་ལོག་སོང་། ཉིན་གསུམ་ཙམ་གྱི་རྗེས་སུ་གྲོགས་པོ་དེས་ཁ་པར་སླེབས་ནས་དུད་ཚང་ཞིག་གི་རླུང་འཁོར་འབྱོར་བས། རླུང་འཁོར་ལ་ཞུགས་ནས་འབྲོག་ཕྱོགས་ཀྱི་སྐྱ་ལམ་རིང་པོ་བརྒྱུད་དེ་སྐུ་རིམ་ཞབས་བསྟན་དུ་ཐལ་ཚུབ་བེར་བུད་སོང་།

ཞེ་དགུ་འདུག་མཁན་ཁོ་དང་ཁོའི་གྲོགས་པོ་གཉིས་ལས་གཞན་ད་དུང་གྲྭ་རྒན་ཞིག་དང་གྲྭ་གཞོན་ཞིག་བཅས་མི་བཞི་ཡོད། འདོན་རྒྱུ་ནི་"མདོ་གཡུང་དྲུང་ཀློང་རྒྱས"ཡིན་པ་རེད། ཡི་གེ་འདོན་པའི་

ཁ་ཐུག་དེར་ཚེ་དབང་གིས་དཔེ་ཆའི་དགོངས་དོན་ལ་རྒྱུས་མངའ་བྱེད་འདོད་ཆེན་པོ་ཡོད་པ་མ་ཟད་དྲོ་གཞུང་དང་དགོང་ཁའི་ངལ་གསོའི་སྐབས་དེབ་ལྟ་བ་དང་དྲི་བ་འདྲི་བ་སོགས་བྱེད་བཞིན་ཡོད། སྐབས་ཤིག་ཁོས་ཚ་མདའི་སྐད་ཆ་"སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན"དང་"རྒྱུད་ལ་སྡོམ་པ་ལེན་པ་ནི་སྐེ་ལ་ལྕག་ཐག་གྱོན་པ་ཡིན"ཞེས་པ་དེ་དག་རིམ་པ་བཞིན་དུ་མཐོང་བས་སེམས་ལ་ཡེ་ནས་བྱུང་མ་མྱོང་བའི་ཚོར་བ་སྐྱུར་མོ་ཞིག་གིས་ཁྱབ་འོན་ཀྱང་ཁོ་རང་ལ་ཡི་གེ་ཀློག་པ་ལ་སོགས་ཀྱི་དཀའ་ངལ་ཕྲན་ཙམ་ཡོད་པའི་རྐྱེན་གྱིས་དེ་དག་མནོ་བསམ་གཏོང་ལོངས་མ་ཁོམ་དེ་ནས་སྐབས་ཤིག་ཁོས་གྲྭ་རྒན་དེར་"སྡོམ་ན་སྲུང་པ་ནི་དགོས་དོན་ཅི་རེད"དྲིས་པར་གྲྭ་རྒན་དེ་ཧ་ཅང་བརྗིད་ཆེ་བའི་ཉམས་ཀྱིས"དེ་ནི་སངས་རྒྱས་པའི་ཆེད་དུ་ལོས་ཡིན་"ཞེས་ལན་སློག ཁོ་རང་ཅུང་དོགས་པའི་ཉམས་ཀྱིས"འོ་ན། རབ་ཏུ་མ་བྱུང་ན་འཚང་རྒྱ་རྒྱུ་མེད་པ་རེད་ཝེར"ཞུས། "དེ་ག་བར་ཡོད། རབ་ཏུ་མ་བྱུང་ན་འཁོར་བ་ལ་འཁྱམས་འགྲོ་བས་ཐར་པ་ཐོབ་པ་མེད་ལ་རབ་ཏུ་བྱུང་ན་ཏག་ཏག་འཚང་རྒྱ་བའོ།"ཅུང་ཁྲོས་པའི་ཚུལ་བསྟན་ནས་བཤད་འོན་ཀྱང་ཚེ་དབང་ནི་དགོན་ནས་མ་བུད་སྔོན་བཤད་སྒྲ་བ་ཞིག་ཡིན་པས་དྲི་བ་འདྲི་བ་ནི་རྒྱུད་ལྡན་གྱི་ལས་སུ་གྱུར་པས་ཁོ་ལ་ད་དུང་དྲི་བ་འདྲི་རྒྱུ་ངལ་མེད་དུ་གྱུར། དེ་ནས་ཁོས་རང་ཉིད་ཀྱི་ལག་ནང་དུ་ཡོད་པའི་དཔེ་དེབ་ལ་ལྟ་ཙམ་བྱས་ནས"བྱས་ན། ཀུན་མཁྱེན་ཉི་མས་[ལྷ་ལ་རབ་ཏུ་བྱུང་བ་མེད་ཀྱང་བོན་ནང་རྒྱུད་ལས་ཐར་པ་ཐོབ་པར་བཤད་དོ་]ཞེས་པ་དེར་ཅི་ལྟར་འགྲེལ"ཞེས་དྲིས་པས་གྲྭ་རྒན་དེ་ཐུགས་ཁྲོས་ནས"ལྷ་ནི་ལྷ་རེད་མི་ནི་མི་རེད"ངོ་མདོག་དམར་པོར་གྱུར། ཁོས་དེ་ནས་ཡག་རྟགས་མ་བྱུང་བ་མཐོང་འཕྲལ"རྒན་ལགས་ཁྱེད་ཀྱིས་གཤེན་སྲས་རིན་པོ་ཆེ་མཇལ་ཨེ་མྱོང་ཁོང་ལ་མངོན་ཤེས་ཡོད་རེད་ཟེར་བདེན་པ་ཨེ་རེད་"ཁ་གཞན་དུ་དཀྱུས་ནས་དྲིས་པས་གྲྭ་རྒན་དེ་ཅུང་ལྷོད་ནས་གཤེན་སྲས་ནོར་དུ་དབང་རྒྱལ་ཁོང་ཁོས་མཇལ་མྱོང་རབས་དང་མངོན་ཤེས་ཡོད་རབས་མང་པོ་བཤད། དེ་ལྟར་གཤིབ་པའི་ཉིན་ཞག་ཇེ་རིང་བཞིན་ཁོ་ཚོའི་བར་འདྲེས་ཆ་ཇེ་ཆེར་གྱུར། སྐབས་ཞིག་ལ་གྲྭ་གཞོན་དེར་ཞོགས་དུང་གི་རྩོམས་པའི་[དོགས་སློང་སྙིང་སྟོབས]ཞེས་པ་ཡོད་པར་དེ་ཚེ་དབང་གིས་ལྟས་པས་དེ་ནས་ཁོས་[ཕྱག་འཚལ་བ་ནི་བྲན་གཡོག་གི་རང་གཤིས་དང་དད་པ་གླེང་བ]སོགས་ལས་ལུས་ཕྱག་བགྱི་བ་ནི་གནའ་དུས་ཀྱི་རྗེ་བྲན་གྱི་ལམ་ལུགས་ལས་བྲན་གཡོག་རྗེ་ལ་གུས་པའི་གུས་སྟངས་ཤིག་ཡིན་པ་དང་དད་པ་ནི་འཁོར་བ་སྤངས་པའི་རབ་བྱུང་པ་ཞིག་ལ་ཡོད་དགོས་ཀྱི་ཁྱིམ་པ་ལ་ཡོད་མི་དགོས་ལ་དགོས་དོན་ཡང་མེད་པའི་རྒྱུ་མཚན་བགྲང་ཡོད་པར་མཐོང་བས་དེ་འཕྲལ་དུ་བསམ་བློ་འདྲ་མིན་མང་པོ་བཏང་ཀྱང་དོན་དེ་འདྲ་ཡིན་ནམ་སྙམས་པའི་དོགས་པ་ཞིག་ཀྱང་དབང་མེད་དུ་སྐྱེས། ཁོས"དོགས་སློང་ནི་དོགས་སློང་རང་སྟེ་ཏག་ཏག་མི་ཡི་སེམས་རྒྱུད་ལ་དོགས་པ་སློང་གིན་འདུག"ཅེས་དེབ་དེ་ཁ་རྒྱབ་སྐབས་ངག་ནས་ཐལ། ཉིན་ཞིག་ཁོ་ཚོ་ལྷན་དུ་དེ་ནས་ཐག་ཅུང་མི་རིང་བའི་ཆུ་བོ་ཞིག་གི་འགྲམ་དུ་སོང་ནས་ཁྲུས་ལ་རོལ་བཞིན་ཕན་ཚུན་ཁ་མཚར་བརྗོད་པའི་ཚེ་ཁོས་གྲྭ་གཞོན་དེར"ཁོང་་་སྡོམ་པ་ནི་རང་དབང་གི་དགྲ་བོ་རེད་ཝེར"ཀུ་རེ་བྱས་ནས་སྨྲས་"རེད་་སྡོམ་པ་ནི་མིའི་སེམས་རྒྱུད་ཀྱི་རང་སྣང་གང་ཤར་གྱི་ལས་དབང་བ་རྣམས་སྡོམ་བྱེད་རེད"ཅི་ཡང་ཧ་མི་ལས་པའི་ཉམས་ཀྱིས་བཤད། ཚིག་དོན་འབྲེལ་བའི་སྐད་ཆ་དེས་ཁོའི་སེམས་ཁོང་ལ་དེ་ལས་གཞི་རྒྱ་ཆེ་བའི་སྒོ་མོ་ཞིག་ལིང་གིས་ཕྱེས། ཏག་ཏག་སྡོམ་པ་ནི་སྡོམ་པ་རང་སྟེ་སུ་ལ་གང་སྡོམ་པའི་སྡོམ་པ་ཡོད་ན་དེ་ལ་དེར་སྤྱོད་པའི་དབང་མེད་དེ་དཔེར་ན་སྲོག་གཅོད་རྒྱུ་སྤང་བའི་འཛེམ་པ་ལ་སྲོག་གཅོད་པའི་དབང་མེད་པ་བཞིན་ནོ། དེ་བཞིན་སོ་ཐར་གྱི་སྡོམ་པ་རྒྱུད་ལ་ལྡན་པའི་གང་ཟག་ལ་དེས་སྡོམ་བྱ་གང་དེ་སྤྱོད་པའི་དབང་མེད་ཀྱང་སྤྱི་གཏང་གི་རང་དབང་བཀག་མེད་དེ་སྙིང་རྗེ་སྒོམ་པ་སོགས་ཀྱི་འཁོར་འདས་གཉིས་ཀར་ཕན་པའི་ལས་སྒྲུབ་ཆོག་པའི་ཕྱིར། "ད་འོ་ན་ཁོ། རྒྱུད་ལ་སྡོམ་པ་ལེན་པ་ནི་ལྐེ་ལ་ལྕག་ཐག་གྱོན་པ་ཡིན་ནམ"མུ་ནས་ཨུ་ཚུག་གིས་དྲིས་

"མ་རེད། ལྐེ་ལ་གསེར་ཐག་གྱོན་པ་རེད"བགོད་ཙམ་བྱས།

"དེ་གསེར་ཐག་ཏུ་ཅི་ལྟར་གྱུར"དོན་དེ་ཤེས་འདོད་ཀྱིས་མིག་གཙེར།

"དོན་མེད་དུ་མི་རྣམས་ཀྱིས་རང་ལྐེ་ལ་གསེར་ཐག་ལས་ལྕག་ཐག་གཡུག་མཁན་ཡོད་མ་རེད་"བར་སྣང་ལ་གཡེང་བཞིན་དེ་ལྟར་ལབ།

"མི་ཁ་ཤས་ཀྱིས་ལྕག་ཐག་གཡུག་ཡོད་པ་མ་རེད་དམ"ལག་ཏུ་ཡོད་པའི་[ཕྱིར་རྟོག]ཡར་བཀྱག་ཙམ་བྱས།

"མ་རེད། ཁོས་དེ་གསེར་ཐག་ཏུ་ཧ་མ་གོ་ཙམ་རེད"མགོ་བོ་འཕྲད་དུ་གཡུག

"ཅིས་ཕྱིར"བསམ་གཟན་དུ་ཁ་ངོ་སྡོམ་ནས་སྨྲས"ཁོས་གསེར་ཐག་དེའི་རིན་ཐང་མ་ཤེས་པས་ལྕག་ཐག་ཏུ་་འཁྲུལ་པ་རེད"གཟན་ཤམ་དེ་ཆུ་ལ་རྡབ་ཙམ་བྱས། གྲོགས་པོས"ཁྱེད་གཉིས་ཅི་བཤད་གིན་ཡོད། གསེར་ཐག་ཉོ་བསམ་གིན་ཡོད་རྒྱུ་མ་རེད་བར"ཅུང་ཧ་ལས་པའི་ཉམས་ཀྱིས་བཤད། དེར་ཁོ་གཉིས་ཀ་བགད་ཤོར་ནས"ཡོད་ཡོད། ཁྱོས་རྫས་ན་4མཛུབ་མོ་གཅིག་གཅད་དགོས་རྒྱུ་རེད་ཨམ་གཉིས་གཅད་དགོས་རྒྱུ་རེད"ཚེ་དབང་གིས་ཁ་མཚར་ལབ། གྲོགས་པོ་བདེན་སྣང་ཤར་ནས་སྐད་ཆ་བཤད་གྲབ་བྱེད་སྐབས་ཚང་མ་མཉམ་དུ་བགད་མོ་ཆེན་པོ་ཤོར།

བོན་གཞུང་ངམ་ཆོས་གཞུང་གང་ལའང་སྐྱབས་འགྲོ་ནི་དགེ་བའི་རྨང་གཞི་རུ་བཤད། དཔེར་ན་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་པ་གཤེན་རབ་མཆོག་གི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག་ལས་"སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གཞི་མ་ཡིན"ཞེས་པ་ལྟ་བུ་སོགས་མང་བཞིན་དག་པ་གསུངས་ཡོད་ནའང"སྙིགས་མ་ལྔ་མདོའི"དུས་ཡིན་པའི་རྒྱུ་མཚན་དུ་བྱེད་ཆོག་པའི་དེང་གི་དུས་འདིར་དགེ་སྒྲུབ་པ་ལ་སྐྱབས་འགྲོ་ཡོད་ཅེས་བཤད་མི་རིག་སྟེ་ཁག་ཅིག་ལ་དག་སྣང་ཕུན་སུམ་འཚོགས་པ་ཡོད་ནའང་སྐྱབས་འགྲོའི་ངོ་བོ་མི་མཁྱེན་ལ། ཁག་ཅིག་གིས་སྐྱབས་འགྲོའི་ཚིག་འགྲེལ་འདྲ་བརྒྱག་ཐོན་ནའང་དེ་དོན་མི་སེམས་པར་རྒྱ་གྲོང་འགྲིམས་ནས་ཡོད་ལ་མང་ཆེ་བ་ནི་སྐྱབས་འགྲོ་མཁན་སུ་དང་སྐྱབས་འགྲོ་རྒྱུ་སུ་ཡིན་པ་ཧ་མི་གོ་བར་ས་རྡོ་ཡོད་ཚད་བསྐོར་ནས་དགེ་བ་དཔེ་མང་པོ་བསགས་པ་རློམ་ནས་ང་རྒྱལ་གྱི་ཁེངས་ནས་ཡོད། དུས་སྐབས་འདི་ལྟ་བུའི་འོག་ནས་ཚེ་དབང་གིས་འཇིག་རྟེན་པ་ཞིག་གིས"དད་པའི་ངོ་བོ་ནི་མི་ཚེའི་དགོས་དགུ་ཡོད་ཚད་སྤོང་ཞིང་སྐྱེ་བ་ཕྱི་མ་དོན་དུ་གཉེར་བའི་ལྷ་ཆོས་དུས་རྣམ་ཀུན་ཏུ་མི་གཏོང་བ"ཡིན་པས་རྒྱུ་མཚན་དུ་བྱས་ནས"ང་ལ་དད་པ་མེད5"ཅེས་པའི་སྐད་ཆ་གཅིག་རྣ་བར་འཛུལ་དུས་འདས་ཟིན་པའི་ལོ་ཟླ་ནང་ལྟ་ཀློག་བྱས་མྱོང་བའི་སྐབས་དང་པོ་6ལས་སྐྱབས་འགྲོ་རྒྱུ་ལ་ངེས་འབྱུང་དང་དད་པ་གཉིས་བསྟན་པ་དང་དེ་གཉིས་གཅིག་མེད་ན་སྐྱབས་འགྲོ་རྒྱུད་ལ་མི་སྐྱེ་བའི་དགེན་གྱི་སྐད་ཆ་དྲན་ཀློང་དུ་ཡང་ཡང་རྒྱུ་བས་སེམས་སུ"དོན་དངོས་ཐོག་ང་ལ་དད་པ་ཡོད་དམ"དྲི་བ་ཚ་པོ་ཞིག་འཆར། རྒྱ་ལ་རང་ཉིད་ལ་དད་པ་མེད་ན་གྲྭ་པ་ཞིག་ཡིན་པའི་ངོས་ནས་ཤིན་ཏུ་དངངས་སྐྲག་སྐྱེ་བའི་རྒྱུ་ཞིག་མ་ཡིན་ནམ། སྐབས་འདིར་ཁོས་འཇིག་སྐྲག་གི་ཀློང་ནས་རང་ཉིད་ལ་ཤིན་ཏུ་སེམས་གསོ་ཐུབ་པའི་ལུང་ཞིག་རྙེད་ཡོད་པ་རེད། དེ་ནི་ཏག་ཏག་རང་ཉིད་ཀྱིས་བསྐྱར་ཟློས་ལན་མང་བྱས་མྱོང་བའི་རྗེའི"ཡུལ་ལ་མོས་པའི་བློ་གཏད་པ། །དད་པ་ཡིན་ཏེ་དྭངས་བ་དང་། མོས་པ་དང་ནི་ཡིད་ཆེས་གསུམ།7"ཞེས་པའི་དད་པ་བསྟན་པའི་གཞུང་དེ་ཉིད་རེད། དེ་ལས་དད་པ་ནི་མོས་པ་ཙམ་མ་ཟད་ཡིད་ཆེས་དང་དེ་ལས་ལྷག་པ་ནི་དྭངས་བའི་དད་པ་ཞེས་པ་དེ་རེད། དེ་ནི་སྲེག་བཅད་བདར་གསུམ་བྱས་པའི་གནས་ལུགས་ཤིག་ལ་མོས་དགོས་པ་དེ་ཡང་རེད། དེ་འདྲ་བའི་གནས་ལུགས་ལ་མོས་ན་འཇིག་རྟེན་གྱི་དགོས་དགུ་ཡོད་ཚད་དོར་མི་དགོས་ཏེ་དཔེར་ན་ནང་པའི་གཞུང་ལས<ནད་ལ་ཕན་ཕྱིར་ལྷ་རྗེ་ལ་སྐྱབས་འཚོལ་བ་དང་འཇིག་རྟེན་དྲེག་པའི་ལྷ་ལའང་སྐྱབས་འཚོལ>ཆོག་པར་ཡང་བསྟན་ཡོད། འོན་ཀྱང་འཇིག་རྟེན་པ་བསྐོར་ཞིག་གིས་ཞུབ་མོར་མ་ལྟས་པར་ནང་པའི་གཞུང་དུ"གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན།8"ཞེས་གསུངས་་

ལོག་ནས་འགྲོ་བ།

རྡོ་བ་རྡོ་བ་རུ་གྲུབ།

འཇིག་རྟེན་འཇིག་རྟེན་ཆགས།

སྡུག་བསྔལ་གྱི་ཆར་པ་བབ་དུས།

རྡོ་བ་བཞུ་མ་ཐོན་ལ།

འཇིག་རྟེན་ཀྱང་བཀྲུ་ག་ལ་ནུས།

དེ་བས་བདག་ཐག་རིང་གི་ཞིང་ཁམས་ཤིག་ཏུ།

སེམས་ཀྱི་རྒྱལ་པོ་འཇལ་དུ་འབུད་འགྲོ། ༢༠༡༥/༨/༢༢

ཚེ་དབང་གིས་གྲགས་པ་ལ་ཁོ་རང་དགོན་ནས་བུད་དགོས་པའི་རྒྱུ་མཚན་སྣ་ཁ་གསུམ་བཤད་ཡོད། གཅིག མདུན་ལམ་འཚོལ་ཆེད་ཡིན་ཟེར། ཁོ་ཆུང་ནས་རིག་གནས་ལ་འཇུག་ཅིང་སློབ་སྦྱོང་ལ་བརྩོན་ནས་ད་བར་དུ་འོང་བ་ཡིན་ནའང་རང་ཉིད་ནི་ཅི་ཞིག་སྦྱང་མཁན་དང་རང་ཉིད་ཀྱིས་ཅི་ཞིག་སྦྱོང་གིན་ཡོད་མེད་ཧ་གོ་གིན་མི་འདུག་ཟེར། གཅིག་བྱས་ན་ངས་རིག་གནས་སྦྱོང་གིན་ཡོད་ཅེས་སྡོམ་ཚིག་བདེ་མོ་ཞིག་འཇོག་ཆོག་ཀྱང་རིག་གནས་ལ་སྣ་ཁ་མི་འདྲ་བ་ཁྲི་མ་འབུམ་ཡིན་པས་དེ་ལས་ངས་ཅི་ཞིག་སྦྱང་གིན་ཡོད་མེད་མི་ཤེས་། མི་ཁ་སྤོབས་ཆེན་པོའམ་ཧམ་སེམས་ཆེ་བ་ཞིག་གིས་རིག་གནས་ཡོད་ཚད་སྦྱོང་གིན་ཡོད་ཅེས་སྨྲ་སྲིད་ནའང་དེ་ནི་མི་སྲིད་པའི་མི་སྲིད་པ་ཞིག་ཡིན་ཏེ་སྟོན་པ་མཆོག་གིས་"ཀུན་ལ་སློབ་ན་གཅིག་ཀྱང་མཁས་དུས་མེད། གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར།"ཞེས་གསུངས་པས་ད་གཟོད་དེ་ངལ་བ་འབྲས་མེད་ཅིག་ཡིན་པ་རྟོགས་ཐུབ། དེས་ན་ང་གང་དུ་འགྲོ་མཁན་ཡིན་པ་ཧ་མ་གོ་བས་ངའི་མདུན་ལམ་མ་གཞི་ནས་བོར་ཚར་བ་རེད་འདུག  གཉིས། སློབ་གསོའི་ཆེད་དུ་ཡིན། སྤྱིར་བོད་མི་རིགས་ལ་སློབ་གསོ་རྒྱུན་ཤེས་ཡག་པོ་མེད་པ་རེད་ལ། རིག་གསར་རྗེས་ནུབ་ཕྱོགས་ཀྱི་སློབ་གསོའི་རྒྱུན་ཤེས་ཅི་སྙེད་ཅིག་གོ་རྒྱུ་ཡོད་ནའང་ང་ཚོའི་དགོན་པ་ནང་དེ་དག་དར་མེད། དེས་ན་མ་གཞི་མི་ཞིག་གིས་སྦྱང་བྱ་གང་ཞིག་ཡག་པོ་སྦྱང་དགོས་ན་དེ་ལ་དེ་མཚུངས་ཀྱི་སློབ་གསོ་ཞིག་མེད་ན་སྦྱང་མི་ཤེས་པ་མ་ཟད་སློབ་གསོ་མེད་ན་མདུན་ལམ་གང་ཞིག་གི་སྟེང་འཇུག་དགོས་པའི་དགོས་ཆེད་ཀྱང་ཤེས་མི་སྲིད། བརྒྱ་ལ་དེ་འདྲ་བར་འཚོ་བ་སྐྱེལ་མཁན་ཞིག་ཡིན་ན་དེ་ནི་ད་གཟོད་བསམ་བློ་མེད་པའི་རོ་ལོངས་ཞིག་གམ་རྣམ་ཤེས་བྲལ་བའི་བེམ་སྒོག་ཅིག་ལས་གཞན་ཅི། ད་དུང་སློབ་གསོ་མེད་པས་སྤྱོད་པའི་ཕྱོགས་ནས་སྐྱོན་ཆ་ཡང་དུ་མ་འབྱུང་སྟེ་དཔེར་ན་ཅ་དངོས་ཕྲན་བུ་བརླག་པའི་སྐབས་དགེན་ལགས་ཀྱི་དེ་ནི་མི་མང་འདི་འདྲའི་གསེང་དུ་འབྱུང་སྲིད་པའི་བྱ་བ་ཞིག་ལ་ངོས་འཛིན་བྱས་ནས་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་ལ་མ་རེམ་པས་མཐར་གླིང་འདི་རྐུན་མའི་རྒྱལ་ཁམས་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པ་མིན་ཏེ་དགྲ་མེ་སྟག་གཉིས་དེ་ཆུང་སེ་ཐུལ་ཞེས་པའི་སྐད་ཚ་དེ་ཁོ་ནས་བསྒྲུབ་ནུས་པས་སོ། གང་ལྟར་སློབ་གསོ་ནི་ཟ་མ་ནང་གི་ཚྭ་བཞིན་མེད་ན་མི་རུང་བ་ཞིག་གོ།

1 སྟེང་ཆེན་སྐད།། མགྱོགས་མྱུར་གྱིས་ཟེར་བའི་དོན། 2 སྟེང་ཆེན་སྐད། རེད་དམ་ཞེས་པ་དང་དོན་འདྲ། 3 ཁམས་སྐད། དེ་ནས་དང་དོན་གཅིག 4 ཁྱུང་པོའི་སྐད། བཤད་ན་དང་གཅིག  5 ཞོགས་དུང་གི་སྐད་ཆ། 6 ཀུན་མཁྱེན་ཉི་མས་བཀའ་བརྟེན། 7 རྗེས་ས་ལམ་གཞུང་གི་ཚིག 8 གཏན་ཚིག་ངེས་པའི་གལ་མདོའི་ཚིག




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།