༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
༧ ཐུན་མོངས་མ་ཡིན་པའི་མ་ངེས་རྟགས་ཀྱི་སྐོར་ཟུར་ཙམ་གླེང་བ།
[ཟླ་ཚེས།:2017-05-04] [གཟིགས་ཐེངས:]


                                                                            ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭ་བ། ལྷ་ལྡོང་སེམས་དཔའ།


                                                                                   རིག་པའི་རྒྱལ་པོ་རིག་པའི་ལྷ་ལ་ཕྱག་བགྱིའོ།


འདི་ནས་དགེན་རྣམས་པའི་ཞལ་བསླབ་དང་འགྲོགས་ནས་རེས་ཤིག་ཐུན་མོངས་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་སྐོར་ཟུར་ཙམ་གླེང་བ་ལ། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས1། འཇུག་པ་དཔེ་ལ་གོམས་པའི་རྗེས་སུ་ངེས། ཅེས་པ་རྗེས་ཁྱབ་དངོས་སུ་བརྟན་པའི་ལུང་ལ་རྒྱབ་སྐྱོར་ཏེ་བསམ་ན་ཏག་ཏག་འཇུག་པ་རྗེས་སུ་མ་ངེས་པའི་མ་ངེས་པ་ཞིག་ཡོད་པ་གསལ་ཏེ། རྗེས་ཁྱབ་ངེས་པ་དངོས་སུ་བསྟན་ན་མ་ངེས་པ་དེ་ཤུགས་ལས་གྲུབ་པའི་ཕྱིར། དཔེར་ན་ཤན་པའི་སྲོག་བཅད་ཅེས་པའི་ཚིག་བཞིན་ནོ། དེ་ལ་མ་ངེས་པའི་རྟགས་ལ་མཚན་ཉིད་དང་དབྱེ་བ་གཉིས་ཡོད་པ་ལས། མཚན་ཉིད་ནི། དེ་སྒྲུབ་ཀྱི་ཁྱབ་པ་རྣལ་ལྡོག་གང་ཡང་མ་ངེས་པ་དེ་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ཅེས་རྗེའི་ཚད་མ་2ལས་གསུངས་སོ། དབྱེ་ན་དེ་ཉིད་ལས། ཐུན་མོངས་ཐུན་མོངས་མ་ཡིན་གཉིས། ཅེས་པའི་མ་ངེས་པའི་རྟགས་ལ་གཉིས་ལས་དང་པོ་ནི་འདིར་བཤད་པའི་སྐབས་མིན་པས་རེས་ཤིག་བཞག ད་འདིར་དངོས་སུ་བཤད་བྱའི་དབྱེ་བ་ཕྱི་མ་སྟེ་ཐུན་མོངས་མ་ཡིན་པའི་མ་ངེས་རྟགས་ལ་གཉིས་ཏེ། མཚན་ཉིད་དང་མཚན་གཞིའོ། དང་པོ་འགྲོ་བའི་མགོན་པོ་བློ་གྲོས་རྒྱལ་མཚན་གྱི་ཚད་མ་ལས3། རྟགས་རྩོད་གཞི་ལ་ཇི་ལྟར་བཀོད་པ་བཞིན་དུ་གྲུབ་པ་གཞིར་བྱས་ལ། རྩོོད་གཞི་ལས་གཞན་དུ་མི་འཇུག་ན། ཐུན་མོངས་མ་ཡིན་པའི་མ་ངེས་པ་སྟེ། ཞེས་པ་བཞིན། དེ་སྒྲུབ་ཀྱི་ཕྱོགས་བོན་གྲུབ་ཅིང་ཕྱི་རྒོལ་གྱིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་ཡང་ཡོད་པར་མ་མཐོང་བའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་ཐུན་མོངས་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ཅེས་དཔོན་སློབ་ཡོན་ཏན་རྒྱལ་མཚོའི་རྟགས་རིགས་ལས་གསུངས་སོ། མཚན་གཞི་ནི། འགྲོ་མགོན་ཚད་མ་དེ་ཉིད་ལས4། སྒྲ་ལ་མཉན་བྱས་མི་རྟག་པ་སྒྲུབ་པ་ཅེས་གསུངས་པ་བཞིན། སྒྲ་བོན་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་དེའོ། རྗེས་ཀྱང་དེ་དང་མཐུན་པ་གསུངས་སོ། དེ་ལ་དཔོན་སློབ་ཡོན་ཏན་རྒྱལ་མཚོས6། མཉན་བྱ་རྟག་མི་རྟག་གང་ཡང་མ་ངེས་པའི་རྒོལ་བའི་ངོར་ཞེས་ཁ་གསལ་དུ་གསུངས་ཡོད། ད་ལྟའི་མི་མང་པོ་ཞིག་དེའི་རྗེས་འབྲང་ནས་རྗེ་དང་འགྲོ་མགོན་ལ་སོགས་ཀྱི་མཚན་གཞི་རྣམས་དགོངས་པ་ཅན་དུ་འདོད་ནས། འདི་ལྟར་དུ། སྒྲ་བོན་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་དེར་དུང་སྒྲ་ལ་སོགས་དཔེ་བཞག་ན་མཐུན་དཔེ་ངེས་པ་དང་བསྒྲུབ་བྱ་གྲུབ་པ་དུས་མཉམ་ནའང་དེ་ལ་གླུ་དབྱངས་ལ་སོགས་དཔེ་བྱས་ན་རྟགས་ཡང་དག་ཡིན་པས་དེར་མཉན་བྱ་རྟག་མི་རྟག་གང་ཡང་མ་ངེས་པའི་རྒོལ་བའི་ངོ་ལ་འཇོག་དགོས་སོ་ཞེས་བཤད་ཀྱིན་འདུག དེ་ལ་ངས་འདི་ནས་སྐྱོན་འདི་འདྲ་ཞིག་གཏོང་བར་འདོད་དེ། སྒྲ་བོན་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། དཔེར་ན་གླུ་དབྱངས་བཞིན་ཞེས་འགོད་སའི་ཕྱི་རྒོལ་དེས་མཉན་བྱ་ལ་སྒྲ་ཞེས་པའི་ཐ་སྙད་རྟོགས་སམ་མ་རྟོགས། རྟོགས་ན་དེས་གང་གླུ་དབྱངས་དེ་ཉིད་རྣ་བར་ཐོས་པ་ལ་སྒྲ་ལོ་སྙམ་པའི་སྙམ་བློ་སྐྱེའམ་མི་སྐྱེ། སྐྱེ་ན་གླུ་དབྱངས་དེ་ཉིད་མི་རྟག་ཏུ་ངེས་ན་སྒྲ་ཡང་མི་རྟག་ཏུ་ངེས་ཏེ་ཁྱོད་ཀྱི་སྒྲ་ཡན་འགའ་བ་མི་རྟག་ཏུ་རྟོགས་པའི་ཕྱིར། ཁྱབ་སྟེ། གང་རྟོགས་བྱའི་གླུ་དབྱངས་ཀྱི་སྒྲ་དེ་མི་རྟག་ཏུ་རྟོགས་དུས་སྒྲ་མི་རྟག་ཏུ་མ་རྟོགས་ན་དུང་སྒྲ་མི་རྟག་ཏུ་རྟོགས་དུས་སྒྲ་ཡང་མི་རྟག་ཏུ་མི་རྟོགས་པར་འགྱུར་འགྲོ་ལ། དེ་ཡིན་ན། སྒྲ་མི་རྟག་ཏུ་རྟོགས་པའི་དུས་ཞིག་མི་རྙེད་པའི་ཕྱིར། སྒྲ་ལོ་སྙམ་པའི་སྙམ་བློ་མི་སྐྱེ་ན། དེ་འདྲའི་གང་ཟག་བོན་ཅན། ཁྱོད་ཀྱིས་མཉན་བྱ་ལ་སྒྲ་ཞེས་པའི་ཐ་སྙད་མ་རྟོགས་བ་ཐལ། ཁྱོད་ལ་མཉན་བྱ་གང་ཞིག་རྣ་བར་ཐོས་དུས་སྒྲ་ལོ་སྙམ་པའི་སྙམ་བློ་མི་སྐྱེ་བ་གང་ཞིག་གཞན་ཁྱོད་ལ་མཉན་བྱ་ལ་སྒྲ་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན་མེད་པའི་ཕྱིར། ཕྱི་རྒོལ་དེས་མཉན་བྱ་ལ་སྒྲ་ཞེས་པའི་ཐ་སྙད་མ་རྟོགས་ན། དེ་འདྲའི་ཕྱི་རྒོལ་དེའི་ངོར་སྦྱོར་བ་དེ་བསྒྲུབ་ཀྱི་རྟགས་བོན་ཅན། རྟགས་ཡང་དག་མ་ཡིན་པ་ཐལ། ཁྱོས་སྒྲ་མཉན་བྱར་མ་རྟོགས་པའི་ཕྱིར། ཁྱབ་སྟེ་བོན་ཅན་རྟགས་དེ་ངེས་པ་ཕྱོགས་དང་པོ་ནས་འགྲོ་དགོས་པའི་ཕྱིར། རྟགས་གྲུབ་སྟེ་ཁྱོས་མཉན་བྱ་ལ་སྒྲ་ཞེས་པའི་ཐ་སྙད་མ་ངེས་དུས་སྒྲ་དེ་མཉན་བྱར་ངེས་རྒྱུ་མེད་པའི་ཕྱིར། དེ་ཡང་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་གིས6། རྟགས་དེའི་རྗེས་ཁྱབ་དང་པོ་མཐུན་དཔེའི་ཐོག་ཏུ་གྲུབ་ཚེ་བསྒྲུབ་བྱ་འགྲུབ་པར་འགྱུར་ལ། དེའི་ཐོག་ཏུ་རྗེས་ཁྱབ་མ་གྲུབ་ན་རྩ་བའི་བསྒྲུབ་བྱའི་རྗེས་ཁྱབ་མ་གྲུབ་པར་འགྱུར་བས་ཐུན་མོང་མ་ཡིན་པའི་མ་ངེས་པའོ། ཞེས་པའི་དོན་ཡང་དེ་ཡིན་པར་སྙམས། དེས་ན་སྒྲ་བོན་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་དེར་དཔེ་ཅི་ལྟར་ཞིག་བཞག་ཀྱང་རྟགས་ཡང་དག་ཏུ་མི་འགྲོ་ལ། སྒྲ་མཉན་བྱར་ངེས་པའི་གང་ཟག་གང་དེས་ངོར་མ་ངེས་པའི་རྟགས་ཡིན་ནོ། དེ་ཡང་ཐུན་མོངས་མ་ཡིན་པའི་མ་ངེས་པའི་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་བོན་གྲུབ་ཅིང་ཕྱི་རྒོལ་གྱིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་ཡང་ཡོད་པར་མ་མཐོང་བའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཕྱོགས་བོན་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ཡང་ཡོད་པར་མ་ངེས་པའི་ཕྱིར། རྟགས་གོང་དུ་བསྒྲུབས་ཟིན་ནོ། ཞོར་བྱུང་སྒྲ་རྟོགས་སྟངས་དང་ཐ་སྙད་ཐོགས་སྟངས་གཉིས་ནི། གཙོ་བོར་སྒྲ་དེ་ཉིད་རྣ་བས་གོ་དུས་རྟོག་པས་དེའོ་སྙམ་པའི་སྙམ་བློ་སྐྱེ་བ་ལས་འཇོག་དགོས་ཏེ། སྒྲ་རྟོགས་ཞེས་པ་དེ་སྒྲ་འཛིན་རྣ་བས་དེ་འོ་སྙམ་པའི་ངེས་ཤེས་དྲངས་པ་ལ་སྒྲ་ངེས་ཅེས་འཇོག་དགོས་པ་དང་ཐ་སྙད་ཐོགས་སྟངས་ཀྱང་དེ་བཞིན་ཡིན་པའོ། ཁག་ཅིག་གིས་རྣ་བས་སྒྲ་གོ་དུས་གང་ཟག་དེས་སྒྲ་རྟོགས་ཅེས་འཇོག་པ་ནི་དཔྱད་པར་རིགས་སོ།།

ཁྲོན་སྦལ་མིག་གིས་ནམ་མཁའ་གཞལ་བ་ལ།།

མཁའ་ལྡིང་ཁྱུང་ཆེན་ཁྲེལ་དགོད་ཤོར་སྲིད་མོད།།

འཆད་རྩོད་གསེང་གི་རིག་པ་སོ་མ་དེ།།

གཞན་ལ་སྤེལ་བའི་སྐལ་པ་བཟང་བར་བྱས།། །།

1 ཀོ་དགོན་དཔར་མ་རྟགས་ཀྱི་རིགས་པའི་རྣམ་བཤད་ཕྱོགས་གཅིག་ཏུ་སྒྲིག་པ་ཤོག་ངོས་68ཡོངས་འཛིན་རྟགས་རིགས་ལས་ཡེ་སངས་རྒྱས་པའི་རྒྱུད་ལས་གསུངས་པར་བཞེད། 2 སྒོ་མཛོད་ཡང་བཅུད་དེབ་དྲུག་པ་ཚད་མའི་ཤོག་ངོས་133ལས། 3 སྟེང་དགོན་དཔར་མ་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད། ཤོག་ངོས་127ལས།  4 མཆན་བུ་གསུམ་པ་ལ་གཟིགས། 5 ཀོ་དགོན་དཔར་མའི་ཤོག་ངོས་41ལས། 6 ཀོ་དགོན་དཔར་མའི་ཤོག་ངོས་91ལས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།