ཁྲོ་ཆེན་རྒྱལ་བུ་ལྷ་སྲས་ལྷ་དབང་ནོར་བུ་ལ་གདམས་པ་བཞུགས་སོ།
ཤར་རྫ་བྱ་བྲལ་བཀྲ་ཤིས་རྒྱལ་མཚན།
སྤྱི་གཙུག་འདབ་བརྒྱ་སྤུངས་པའི་གེ་སར་སྟེང་།
ཉ་གང་ཟླ་བ་གནོན་པའི་འོད་དཀར་གདན།
གདུལ་བྱ་འདུལ་བྱེད་སྤྲོ་བསྡུའི་མངའ་དབང་བདག །
ལྷ་ཡི་ལྷ་གཅིག་གཤེན་ལྷ་འོད་དཀར་མཁྱེན།
སྔོན་ནས་སྦྱིན་ཚོགས་བསགས་པའི་རྣམ་དཀར་འབྲས།
དལ་བརྒྱད་འབྱོར་བཅུ་ཁྱད་བོན་བདུན་ལྡན་པའི།
དབང་ཆེན་རྒྱལ་གྱི་ལུས་རྟེན་ཐོབ་པའི་དུས།
རང་གཞན་དགེ་བའི་ལམ་ལ་བཀོད་པར་དབང་།
དེ་ཡང་མི་ལུས་ཙམ་ཡང་ཐོབ་དཀའ་ན།
རྒྱལ་པོའི་ལུས་རྟེན་ཐོབ་པ་དེ་བས་དཀོན།
མི་ལུས་ཙམ་ནི་ཚེ་སྔོན་དགེ་བའི་ལས།
བསགས་དང་ཚུལ་ཁྲིམས་སྣ་རེ་བསྲུང་བས་ཐོབ།
དགེ་བ་ཤིན་ཏུ་རྒྱ་ཆེས་མིའི་རྒྱལ་པོ།
དེ་ལས་དཔག་པས་འཁོར་ལོས་བསྒྱུར་རྒྱལ་དང་།
སུམ་ཅུ་རྩ་གསུམ་ལྷ་སོགས་ཐོབ་པའོ།
མི་ལུས་ཙམ་ལའང་ངེས་འབྱུང་སེམས་ལྡན་པས།
རང་དོན་སངས་རྒྱས་བསྒྲུབ་པའི་མཐུ་ཡོད་ཀྱང་།
གཞན་དག་དགེ་བའི་ལས་ལ་སྦྱོར་མི་ནུས།
དབང་ཆེན་རྒྱལ་པོའི་ལུས་རྟེན་ཐོབ་དུས་འདིར།
རང་དོན་སངས་རྒྱས་འབྲས་བུ་བསྒྲུབ་པ་དང་།
གཞན་དག་སྡིག་སྡོམ་དགེ་བསྐུལ་ཤུགས་ཀྱིས་འགྲུབ།
ལར་ནི་རྒྱལ་པོ་མི་དཔོན་དབང་ཆེན་གྱིས།
དགེ་ལ་དབང་བསྒྱུར་རྒྱལ་ཁམས་དགེ་ལ་འགྱུར།
སྡིག་ལ་དབང་བསྒྱུར་རྒྱལ་ཁམས་སྡིག་ལ་འགྱུར།
དེ་དག་རང་རང་སྔོན་གྱི་ལས་འཕྲོ་ཡིན།
དཔེར་ན་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་།
སྡིག་ཅན་གཏོ་བུ་དོད་དེ་ལྟ་བུའོ།
དེ་ཕྱིར་ལྷ་སྲས་ལྷ་དབང་ནོར་བུ་ཁྱོད།
དབང་ཆེན་རྒྱལ་གྱི་ལུས་རྟེན་ཐོབ་དུས་འདིར།
སྔར་བྱས་སྡིག་པའི་ལས་ལ་འགྱོད་བཤགས་གྱིས།
ཕྱིན་ཆད་སྡིག་པའི་ལས་ལ་དུག་ལྟར་འཛེམ།
རྒྱལ་པོའི་ལས་ལ་གསོད་གཅོད་རྒྱོབ་བརྡུང་དང་།
ངན་ཤག་རྩོད་པ་སྡིག་པ་འང་བྱ་དགོས་ཀྱང་།
དེ་ལས་སྲོག་གཅོད་ལས་འདི་རང་སྲོག་ལ།
ཐུག་ཀྱང་བྱར་མི་རུང་བས་གཏན་དུ་སྤོངས།
དེ་མིན་བཀའ་བཀྱོན་རྒྱོབ་བརྡུང་དྲག་པོ་སོགས།
བྱ་དགོས་ཐུག་ཀྱང་སྡིག་བསྡོམ་ཕྱིར་ཡིན་ན།
ཕ་མས་བུ་ཚ་ངན་ལ་བསྡིག་པ་བཞིན།
བསམ་བཟང་སྤྱོད་པས་ཟིན་བྱས་མི་འགལ་ཙམ།
བདེན་པ་བདེན་ཚུགས་རྫུན་པ་ཆོད་པས་གཅོད།
བདེན་རྫུན་ཤན་ཕྱེད་རང་སེམས་དཔང་པོར་ཚུགས།
རྒྱུ་ངོ་ཤག་ངོ་ཟས་ངོ་མ་གཏོང་ཞིག
།རྒྱལ་པོར་ཟེར་བ་ཉམས་ཆུང་ཕ་མ་དང་།
བཙན་པོའི་གཉའ་ནོན་ཀུན་ལ་བྱམས་སྙིང་དགོས།
སྔར་ནས་རྒྱལ་པོ་རང་གི་དབང་ཁྲལ་དང་།
ཐོབ་ཐང་གང་ཡོད་དེ་ལས་ཐོབ་མེད་དང་།
བཙན་བཙུགས་ནོར་ཕྲོགས་ཉེས་མེད་ཆོད་པས་གཅོད།
དེ་དག་ཤིན་ཏུ་མི་རུང་རྟག་ཏུ་སྤོང་།
ད་རེས་རྒྱལ་སྲིད་རང་ལག་ཡོད་དུས་འདིར།
རྒྱུ་ནོར་སེར་སྣ་མ་ཆེ་དགེ་ཕྱོགས་ཐོངས།
དགེ་ཕྱོགས་རྒྱུ་རྫས་ཆེ་ཆུང་གང་གཏོང་ཡང་།
རང་གི་ནོར་གྱི་རང་ལ་ཕན་པ་ཡིན།
ལོངས་སྤྱོད་དགེ་ཕྱོགས་མ་སོང་ཕྱིས་ལུས་ན།
ང་རང་རྒྱུ་ནོར་ཟེར་ནའང་རང་རྒྱུ་མིན།
མི་རྟག་འཆི་བའི་དུས་སུ་ལུས་རྒྱུ་ཡིན།
ཕྱིས་སུ་ལུས་ན་གཞན་གྱི་རྒྱུ་ཡིན་པས།
རང་གི་མིན་ཏེ་ཤི་བའི་རྗེས་མི་འབྲེང་།
ལོངས་སྤྱོད་ཐམས་ཅད་དགེ་ཕྱོགས་སོང་གྱུར་ན།
རྒྱལ་སྲིད་སྟོངས་པའི་དོགས་པ་གཏན་ནས་མེད།
དཔེར་ན་དོ་ནུབ་རྒྱ་མཚོའི་ལན་ཚྭ་ཀུན།
ཟད་ཀྱང་སོང་ཉིན་སྔར་བཞིན་ཆགས་དང་མཚུངས།
སྤྱིར་ནི་སྣོད་བཅུད་ཐམས་ཅད་མི་རྟག་ཅིང་།
ཁམས་གསུམ་སེམས་ཅན་མ་ལུས་ཀུན་ཀྱང་འཆི།
ཞང་ཞུང་རྒྱལ་པོ་ལི་མུར་རྒྱལ་ཞེས་དང་།
བོད་རྒྱལ་གཉའ་ཁྲི་བཙད་པོ་མན་ཆད་ནས།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡན་ཆད་དུ།
རྒྱལ་རབས་སུམ་ཅུ་རྩ་བདུན་བྱོན་གྱུར་ཀྱང་།
དིང་སང་ལོ་རྒྱུས་ཙམ་ལས་གཅིག་ཀྱང་མེད།
དེ་ལས་རང་རེའི་རིང་ལ་སྨད་རྒྱ་ནག
སྟོད་ནས་ལྷ་ས་བར་ན་རྒྱལ་ཕྲན་རྣམས།
དུས་ལ་འཕོ་འགྱུར་ལེགས་ཉེས་མཐོང་ཆོས་བཞིན།
གཞན་རྗེས་དཔག་ནས་རང་ལའང་མི་རྟག་སོམས།
དེ་བས་ཉེ་བ་རང་གི་ཕ་མའི་རྗེས།
ཞིབ་ཏུ་རྟོགས་དང་ངེས་ཤེས་འདྲོང་བར་ནུས།
ཤི་བའི་འོག་ཏུ་རྒྱལ་དང་འབངས་ཞེས་མེད།
ཕྱུག་དང་དབུལ་མེད་བཙན་པོ་ཉམ་ཆུང་མེད།
གང་ལའང་དགེ་བ་ཡོད་དེ་ངོ་སོ་མཐོ།
གང་ལའང་སྡིག་ཚབས་ཆེ་དེ་ལས་རེ་ངན།
སྡིག་པ་བྱས་པའི་འབྲས་མེད་ཆུད་ཟོས་མིན།
དཔེར་ན་ཉེས་ཅན་དག་ལ་མིའི་རྒྱལ་པོས།
ཉེས་པ་ཆེ་ཆུང་ཁྲིམས་ལས་བྱེད་པ་བཞིན།
སྡིག་པ་ཆེ་ཆུང་རྣམ་སྨིན་དེ་བཞིན་མྱོང་།
དེ་ཡང་འཇིག་རྟེན་ཚེ་འདིའི་ཉེས་པ་ནི།
ཅི་ལྟར་ཆེ་ནའང་རྒྱལ་པོས་ལན་གཅིག་གསོད།
མིག་འབྲས་ཕྱུངས་དང་ཡན་ལག་གཅོད་པ་སོགས།
དབྱུགས་པས་བྲབ་ཙམ་དེ་ལས་བྱ་ཐབས་མེད།
དེ་ནི་དམྱལ་བའི་ཁྲིམས་ལ་འོལ་ཙམ་ཡིན།
དམྱལ་བའི་སྡུག་བསྔལ་མེས་བསྲེགས་མཚོན་གྱིས་གཏུབ།
ཉིན་རེ་ལའང་ཤི་སོས་བཅོ་བརྒྱད་རེ།
དགོས་ཤིང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་ལ།
ཐར་པའི་དུས་མེད་སྡུག་བསྔལ་བཟོད་ཀླག་མེད།
ད་ལྟའི་མེ་འདིས་རང་ལུས་བསྲེགས་པ་དང་།
མཚོན་གྱིས་གཅོད་གཏུབ་བཤགས་སོགས་མི་བཟོད་ན།
དམྱལ་བའི་སྡུག་བསྔལ་བཟོད་པར་ག་ལ་ནུས།
ཞིབ་ཏུ་མནོ་བསམ་ཐོངས་དང་ལྷ་སྲས་ལགས།
ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དཀའ་བ།
ཚེ་འདིའི་ཞེ་སྡང་འདོད་ཆགས་གཏི་མུག་གིས།
ཀུན་ནས་བསླངས་བའི་སྡིག་བཅུའི་འབྲས་བུ་ངེས།
དགེ་སྡིག་འབྲས་བུ་བདེ་སྡུག་སྨིན་ལུགས་ནི།
དཔྱིད་ལ་ས་བོན་བྲ་སྲན་ནས་འབྲས་ལས།
སྟོན་ཀར་འབྲས་བུ་རང་ལས་རང་སྨིན་བཞིན།
དགེ་བཅུ་བྱས་ལས་འབྲས་བུ་བདེ་སྐྱིད་སྨིན།
སྡིག་བཅུ་བྱས་ལས་འབྲས་བུ་སྡུག་བསྔལ་སྨིན།
དགེ་སྡིག་ཆུང་ངུ་རེ་བསགས་འབྲས་བུའང་།
ཆུད་མི་འཛའ་སྟེ་བདེ་སྡུག་སྨིན་པར་ངེས།
དགེ་སྡིག་གཉིས་ཀ་སྔོན་དུ་བསམ་པས་ཟིན།
རྗེས་སུ་ཡི་རངས་བཅས་པའི་དཀར་ནག་ལས།
གང་བྱས་ཆུང་ཡང་འབྲས་བུ་ཆེན་པོར་སྨིན།
དེ་ཕྱིར་དགེ་སྡིག་སྤང་བླང་ཞིབ་ཏུ་སྤྱོད།
རྟག་ཏུ་དད་པ་མོས་གུས་དག་སྣང་བསྐྱེད།
བླ་མ་སངས་རྒྱས་བོན་དང་སེམས་དཔའ་ལ།
སྙིང་ནས་བློ་བཀལ་བསམ་པ་ལིང་བསྐྱུར་གྱིས།
ཕྱག་འཚལ་སྐྱབས་འགྲོ་མཆོད་བསྟོད་གསོལ་བ་གདབ།
འདི་དང་ཕྱི་མའི་བྱ་བ་ཆེའམ་ཆུང་།
གང་ཞིག་བསྒྲུབ་དགོས་ནའང་རང་བློའི་ཕུགས།
དཀོན་མཆོག་གསུམ་ལ་གཏད་པས་བསླུ་མི་སྲིད།
ཡིད་ཆེས་བློ་གཏད་འགྱུར་བ་མེད་པ་གནད།
སེམས་ཅན་ཐམས་ཅད་ཕ་མར་མ་བྱས་མེད།
ཀུན་ལ་བྱམས་དང་སྙིང་རྗེ་ཚད་མེད་བསྒོམ།
ཁྱད་པར་ཉམ་ཐག་འགྲོ་དང་དུད་འགྲོ་དང་།
ཐ་མ་ཁྱི་ཕག་ཡན་ཆད་སྙིང་རྗེས་སྐྱོངས།
རང་ཉིད་སེམས་ཅན་གཞན་གྱི་དོན་ཆེད་དུ།
ཚེ་གཅིག་སངས་རྒྱས་ཐོབ་འདོད་སེམས་བསྐྱེད་པ།
ཐེག་ཆེན་ལམ་གྱི་གཞི་ཡིན་མེད་མི་རུང་།
སྡིག་ལྟུང་གང་ཡང་སྟོབས་བཞི་ཚང་པས་བཤགས།
ཉིན་མཚན་ཀུན་ཏུ་ལུས་ངག་ཡིད་གསུམ་གྱིས།
ཕྱག་བསྐོར་བྱེད་དང་ཁ་ཏོན་འདོན་པ་དང་།
བོད་ཀྱི་ལྷ་སྐལ་སྙིང་པོ་རྣམ་གསུམ་ནི།
མ་ཏྲི་སྤྲུལ་སྐུ་ཨ་དཀར་ལོངས་སྐུ་དང་།
ས་ལེ་འོད་ནི་བོན་སྐུའི་སྙིང་པོ་ཡིན།
བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་།
གང་འགྲུབ་རང་བསྒྲུབ་གཞན་བཅོལ་ཡི་རངས་ཕུལ།
དཀོན་མཆོག་སྐྱབས་སོང་བསླབ་བྱ་འགལ་མི་བྱ།
སངས་རྒྱས་སྐུ་གཟུགས་ཡི་གེ་ལག་འཁོར་སོགས།
འགམ་ཡུག་མི་གཏོང་དམའ་ས་འཇོག་མི་བྱ།
བླ་མ་གྲྭ་པ་ཀུན་ལ་མི་སྨོད་ཅིང་།
སེར་གཟུགས་ཙམ་ལའང་རང་གིས་དག་སྣང་བསྐྱེད།
འོན་ཀྱང་དུས་ངན་དག་གི་བླ་གྲྭ་འགས།
བླ་མའི་མཛད་སོལ་བོན་གྱི་ཡིན་ལུགས་དང་།
རྒྱལ་པོའི་ཁྲིམས་ལུགས་གང་ཡང་མི་ཤེས་ཤིང་།
རང་ངོར་ལྟོས་པའི་ཁྲེལ་དང་མཚངས་མི་ཤེས།
གཞན་ངོར་ལྟོས་པའི་ངོ་ཚ་དོགས་འཛེམ་མེད།
འདི་དང་ཕྱི་མ་མི་བསམ་ཅི་དགར་བྱེད།
སྐྱེ་བོའི་དབང་ཕྲོག་ཁྱིམ་པའི་ལས་བཀོད་བྱེད།
རང་ལ་དགོས་ངེས་དགེ་སྤྱོད་རྒྱབ་ཏུ་སྤོང་།
མི་དགོས་འཁོར་བའི་ལས་སྤྱོད་དང་དུ་ལེན།
དགོན་པ་གྲྭ་གཤགས་ཡུལ་ཤོར་ཁྱིམ་བཞིན་བསྐྱུར།
གཟན་ཤམ་ཚུལ་ཆས་སྦྲུལ་ལྤགས་དོར་བཞིན་སྤོང་།
ཚུལ་ཁྲིམས་དམ་ཚིག་བུད་མེད་བློ་ཕུགས་བཞག
།ཚོང་དང་བུན་སྐྱེད་གཡོ་སྒྱུས་འཁོར་ལོ་བསྐོར།
དུས་ངན་འདི་ཡི་བླ་གྲྭ་ཤེས་མེད་ལ།
བདེར་གཤེགས་རྒྱལ་བའི་བཀའ་བས་དབྱུག་པས་བཙན།
གསུངས་ལྟར་འདི་ནི་རྒྱལ་པོ་ཁྱོད་ལ་རག
དབང་ཆེན་རྒྱལ་པོས་གང་ཡང་དབང་བྱར་ཆོག
བླ་མའི་ཆོས་བས་རྒྱལ་པོའི་བཀའ་དེ་བཙན།
སངས་རྒྱས་བསྟན་པ་སྤེལ་ལ་རྒྱལ་པོ་ལྷག །
དེ་ཕྱིར་ཁྱོད་ཀྱི་འོག་འཁོད་དགོན་སྡེ་ཀུན།
སངས་རྒྱས་བསྟན་པའི་གཞུང་ལུགས་དང་མཐུན་པའི།
བཀྲ་ཤིས་སྨན་རིའི་ལུགས་བཟང་ཅི་བཞིན་དུ།
ཐབས་མཁས་བྱ་བས་བཅོས་སམ་བཙན་ཐབས་ཀྱིས།
རྒྱལ་པོའི་ཁྲིམས་གཏུག་མི་འགལ་བསྟན་དོན་ཡིན།
འདི་ནི་ཁོ་བོས་རྒྱལ་བསྟན་རིན་ཆེན་ལ།
ལྷག་བསམ་དཀར་བའི་བཏང་སྙོམས་འཇོག་མི་རུང་།
རང་གི་འོག་སྡེ་ཡུལ་འབྲོག་ཐམས་ཅད་ལ།
རྔོན་རྒྱ་སྡིག་གཅོད་རྐུ་རྒྱ་ཇག་ཁྲིམས་དང་།
ཁྱད་ཧོ་ཏ་ཧོང་པའི་མོ་ཚུན་ཀྱོའུ་སོགས།
རྐོ་མི་རུང་ཞིང་ཡ་ཕྱི་ཡིན་མི་བཏབ།
རི་ལ་མེ་གཏོང་རི་ཞིང་གསར་དུ་བྱེད།
རི་གཉན་བརྐོ་དང་ཤིང་གཉན་གཅོད་པ་དང་།
རྡོ་གཉན་བཤིགས་སོགས་ཡུལ་ལྷ་འཁྲུགས་པས་སྤོང་།
མདོར་ན་ཤེས་ལྡན་བློ་ཡིས་བརྟག་བྱས་ལ།
འདི་དང་ཕྱི་མར་གནོད་པའི་ལས་རྣམས་བཀག
རང་སྡེ་བོན་ཆོས་རང་ཤོག་སོ་སོ་ནས།
སྤྱི་ནས་སྤྱི་བསྒྲུབ་དགུང་འདོན་སྨྱུང་གནས་དང་།
སཱཙྪ་གནས་འདྲེན་ཚེ་ཐར་བསང་ཆབ་གཏོར།
སྐྱབས་འགྲོ་བྱེ་བ་སྙིང་པོ་རྣམ་གསུམ་སོགས།
བྱེ་བ་གྲངས་བཅས་བྱམས་མ་འབུམ་ཐེར་རྣམས།
ལོ་རེ་བཞིན་དུ་མ་ཆགས་དམ་དམ་དུ།
རྒྱལ་པོའི་ཁྲིམས་བཞིན་སྡེ་བས་འགལ་མི་བྱ།
དགོས་སུ་རང་རང་བཟའ་ཚང་གང་ཡོད་ཀྱིས།
སྐྱབས་འགྲོ་དགུང་འདོན་ཕྱག་བསྐོར་སྒྲིབ་སྦྱོང་དང་།
ལག་འཁོར་ཕྲེང་བ་བཅང་དང་སྨྱུང་གནས་བསྲུང་།
རྡོ་འབུམ་བཞེངས་དང་སཱཙྪ་གདབ་པ་དང་།
ཇོ་དར་བཙུག་དང་ལྷ་དང་བླ་མར་མཆོད།
མ་ཏྲི་ཨ་དཀར་རྒྱུན་དུ་ཁ་འདོན་བྱེད།
བྱམས་མ་ལ་སོགས་བོན་པོས་བོན་བཞིན་སྤྱོད།
ཆོས་པས་མ་ཎི་སིདྡྷི་སྒྲོལ་མ་སོགས།
རང་ལུགས་བཞིན་དུ་དགེ་སྤྱོད་སྡིག་པ་སྤོངས།
མདོར་ན་ཡུལ་སྡེ་འདི་ཡི་སེར་སྐྱ་རྣམས།
གྲྭ་པས་ལྷ་ཆོས་སྐྱོང་ལ་ཆོས་ཁྲིམས་སྲུངས།
སྐྱེ་བོའི་མི་ཆོས་སྐྱོང་ལ་རྒྱལ་ཁྲིམས་སྲུངས།
དམ་པའི་ལྷ་ལུགས་འཇིག་རྟེན་མི་ལུགས་ཞེས།
ལུགས་གཉིས་འཛིན་པའི་རྒྱལ་པོས་སོ་སོར་སྐྱོངས།
ལུགས་གཉིས་འགལ་བའི་རིགས་རྣམས་ཚར་གཅོད་བྱ།
ཁྱད་པར་སངས་རྒྱས་བསྟན་པའི་གཞི་མ་ནི།
རྒྱལ་བའི་བཀའ་དང་བཀའ་ལ་བརྟེན་པ་གཉིས།
དེ་དག་རྩ་བ་ཁམས་བརྒྱད་དྲི་མེད་མདོ།
འབུམ་སྡེ་སྐོར་སོགས་ཡིག་པར་འདི་རྣམས་ཡིན།
འདི་དག་ཡིད་བཞིན་ནོར་བུ་ལྟ་བུ་སྟེ།
འབུ་དང་བྱི་བ་ཆུ་ཐིགས་ཟག་པ་དང་།
རྡུལ་གྱིས་སྦགས་དང་ས་འོག་བྱིང་བ་དང་།
བཞག་ལེན་དུས་སུ་ཡིག་འབྲུ་ཆག་གྲུམ་དང་།
དོགས་འཛེམ་མེད་པར་རྡོ་བཞིན་དོར་བ་དང་།
དབུ་ཞབས་མེད་པར་རྩྭ་བཞིན་བསྲེས་པ་རྣམས།
ཤིན་ཏུ་མི་རུང་དེ་དག་རྟག་ཏུ་སྤོངས།
ཡིག་འབྲུ་རེ་ལའང་གསེར་སྲང་རིན་ཐང་གནས།
བཀུར་སྟི་ཕུ་དུད་རིམ་གྲོ་ཕྱག་མཆོད་དང་།
སྤོས་དང་མར་མེ་ཡོན་ཆབ་རྒྱུན་དུ་འབུལ།
ཞལ་གསོ་ཁ་བཀང་གསར་སྐྲུན་བྱེད་པ་ལ།
ཞུམ་པ་མི་དགོས་ཐུགས་ལ་སྤོབས་པ་བསྐྱེད།
སེམས་ཀྱིས་ནུས་ན་ནོར་གྱིས་ཕོངས་པ་མེད།
རྒྱུ་ནོར་གང་ཡོད་བསྟན་པའི་ཕྱོགས་སུ་ཐོངས།
ནོར་གྱི་མཆོག་གྱུར་ཕྱི་མའི་དགེ་རྒྱགས་ཡིན།
དུས་ངན་འདི་ལ་ཟས་ནོར་རྟག་པ་མེད།
རབ་རྒྱལ་བཙན་རྒྱལ་དེང་སང་སྟོང་ནས་འདུག
རྒྱལ་པོ་གཞན་ལའང་མི་རྟག་འགྱུར་ཚུལ་ལྟོས།
སངས་རྒྱས་བསྟན་པ་འཛིན་པ་བླ་གྲྭ་ཡིན།
གྲོང་དུ་མི་འདུག་རྒྱུན་དུ་དགོན་གནས་བཟུང་།
གཟན་ཤམ་ཆབ་རིལ་མི་སྤོང་རྟག་ཏུ་གོན།
དམ་ཚིག་སྡོམ་སྲུངས་མཚམས་སྒྲུབ་དགེ་སྦྱོར་གྱིས།
བོན་ལ་འཆད་ཉན་ཐོས་བསམ་སྒོམ་གསུམ་སྦྱོང་།
སངས་རྒྱས་བསྟན་པའི་སྦྱིན་བདག་ཕོ་མོ་རྣམས།
ལྷ་ཁང་རྡོ་འབུམ་ཇོ་དར་སཱཙྪ་དང་།
ཡི་གེ་འཁོར་ལོ་བླ་མ་དགེ་འདུན་ལ།
རྒྱུན་དུ་དད་མོས་ཕྱག་མཆོད་སྤྱི་བོར་བཀུར།
དཀོན་མཆོག་མཆོད་བསྟོད་ཚོགས་བསགས་སྒྲིབ་སྦྱོང་རྣམས
གཞན་ལ་བཅོལ་དང་རང་གིས་གང་ཤེས་སྒྲུབས།
མདོར་ན་ལུས་ངག་ཡིད་གསུམ་དགེ་ལ་བཀོལ།
ཁྱད་པར་དེང་སྐབས་རྒྱ་འཁྲུགས་བོད་འཁྲུགས་ཆེ།
སེམས་ཅན་མི་བདེ་ནད་མུག་མཚོན་ཁ་དར།
རྒྱལ་པོ་དམངས་ལོག་འབངས་ཀྱིས་རྒྱལ་ས་བཟུང་།
མཐའ་མི་ཕྱི་པས་བོད་ཡུལ་སྟོད་སྨད་ཁྱབ།
དུས་ངན་འདི་ལ་རང་སེམས་བརྟན་པ་དགོས།
དུས་ནི་ཡག་ཉེས་སྐབས་ན་བརྟན་དགོས་དང་།
རྟ་ནི་མདོ་བའི་གོང་ན་ལྗི་དགོས་ཞེས།
འཇིག་རྟེན་པ་ཡི་ཁ་ནས་ཟེར་དང་མཚུངས།
བྱ་བ་གང་ཡང་མ་སྔ་ཞིབ་ཏུ་བརྟག
ལྷ་སྲུང་ཕྲིན་བཅོལ་མོ་དང་བརྟག་དྲིལ་བྱ།
མི་རྒན་ཤེས་ཡོད་རྣམས་དང་བློ་གྲོས་བསྟུན།
གཞན་ཁར་མི་ཉན་གཙོ་ཆེ་རང་དབང་ཟུངས།
རྒྱ་བོད་འཁྲུགས་པ་ཡོ་ལང་བྱུང་དུས་འདིར།
ཁོང་ལ་སྟོབས་ཤུགས་འགྲན་པས་རང་ཕུང་འགྱུར།
ཐབས་མཁས་བྱ་བས་འདུད་ཅིང་རང་སྲིད་བསྲུངས།
གཏམ་འདི་ཁོ་བོས་བསམ་པ་བཟང་པོས་བྲིས།
འདི་བཞིན་བསྒྲུབ་ན་འདི་ཕྱི་གང་ཡང་དགེ
རྒྱལ་པོ་ཁྱོད་ཀྱི་བློ་ཕུགས་འདི་ལ་གཏོད།
ཡབ་མྱེས་དབང་ཡིག་དག་དང་ལྷན་དུ་ཞོག
ཁ་ལ་འདོན་ཅིང་སེམས་ལ་ལེགས་པར་སོམས།
བློ་ལ་སྦྱོངས་ཤིང་ལག་ལེན་ཐེབས་པར་གྱིས།
འདི་ལ་མཁས་ན་ཀུན་ལ་མཁས་པ་ཡིན།
བློ་གྲོས་འདིར་གྱིས་ཅི་དགོས་འདི་ལ་དྲིས།
མཁས་པའི་ཞལ་ཏ་སངས་རྒྱས་གསུང་དང་མཚུངས།
རྒྱལ་པོ་བདག་ཡུམ་ལྷ་སྲས་ལྕམ་དྲལ་ཀུན།
ཞལ་གདམས་འདི་ལ་གཏན་གྲོགས་དམ་པར་གྱིས།
འདི་ནི་ཁྲོ་ཆེན་ལྷ་དབང་ནོར་བུ་ཡིས།
ཁོང་གི་ཚེ་གཅིག་འདི་ཕྱིའི་བྱ་བ་གང་།
ཅི་དགོས་བསླབ་བྱ་ཡིག་ལམ་ལ་བཀོད་ནས།
གནང་དགོས་གསུངས་པས་ཤར་རྫའི་བྱ་བྲལ་བ།
བཀྲ་ཤིས་རྒྱལ་མཚན་མིང་པས་བྲིས་པའོ།
དགེ་དེས་རྒྱལ་པོའི་བསམ་པ་འགྲུབ་པ་དང་།
རྒྱལ་སྲིད་མི་ཉམས་རྒྱལ་རྒྱུད་མི་ཆད་ཅིང་།
དུས་རྣམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མུ་ཙུག་སྨྲ་རོ།