རང་བཞིན་བདེན་པའི་དོན་གཞུང་གི་བསྟན་དོན་དངོས་ལ་དཔྱད་པ་།
རྩོམ་པ་པོ་འཕྲུལ་ཡིག
དཔུང་གི་ཁྱུ་རིས་ཀྱིས་རྩོད་པ་ནི་ཕལ་པའི་སྐྱེ་བོའི་ཡུལ་རྩོད་པ་དང་མཚུངས་པས། དེ་ནི་མ་ཡིན་ལ།
རིགས་པའི་བདེན་དོན་གྱིས་རྩོད་པ་ནི་འཕགས་པའི་ལུགས་སུ་འདོད་པ་མ་ཟད་ཚད་མ་རིག་པའི་དགོངས་དོན་ངོ་མས་དོན་ལ་མཇལ་བ་ཡིན་པས་གང་ཐུབ་འབད་འཚལ་བ་ནི་སུས་ཀྱང་བསྙོན་མེད་ལགས་སོ།།དེས་ན་རང་བཞིན་བདེན་པའི་དོན་ལ། ཁ་ཅིག་གིས། རང་བཞིན་གྱི་བདེན་པ་ཟེར་བ་ནི་གནས་ལུགས་བདག་ཉིད་ཆེན་པོ་ལ་བཞེད་དོ།། ཞེས་དགོངས་པ་གཏིང་ཟབ་ཀྱི་ཚུལ་དུ་འགྲེལ་བ་དེར་བླ་མའི་ཁྲིད་རྒྱུན་ཞིག་གམ། ཡང་ན་ཐུགས་དམ་གྱི་དགོངས་གཞི་དམར་བའི་དབང་གིས་ཡིན་ཀྱང་ཆོག་པ་ཙམ་མོ།།འོན་ཀྱང་རང་བཞིན་གྱི་བདེན་པ་དང་། དེའི་གནས་སྐབས་ཀྱི་བདེན་པ་སོགས་བརྗོད་གཞི་བྱས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་པ་གསལ་བར་ཕྱེས་པའི་དཔེ་གཞུང་ངོ་གནོང་མི་དགོས་པ་ཞིག་ཡོད་པ་དེ་ནི་གཡས་རུའི་རིག་གཞུང་དག་ལས་གཞན་ཅི།དེ་འང་བདེན་པ་ཞེས་པ་འདི་ཡི་མཚན་ཉིད་ལ་ཚད་མ་སྨྲ་བའི་བླ་མ་རྣམས་ཞལ་མི་འཆམ་པ་དུ་མ་ཡོད་པའི་ནང་ནས། གཡས་རུའི་མཁས་གྲུབ་དག་གི་བཞེད་པ་གཙོ་བོར་བྱས་ན། བྲུ་ཆེན་སོགས་སྔོན་བྱོན་དག་གིས་བཞེད་པ་མ་གསལ་རུང་། མེ་དཔལ་ནས་བདག་ཉིད་ཆེན་པོའི་བར་དང་། དེ་ནས་ད་ལྟའི་བར་ཁ་གཅིག་གྲགས་སུ་འདུག་པ་ནི་ཡིན་ལུགས་དང་ལྡན་པ་ཉིད་དོ།། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་བྲུ་སྟོན་ཉི་རྒྱལ་ཡིན་ཟེར་བ་འདུག་རུང་རྒྱུ་མཚན་གསལ་པོ་མ་མཐོང་མོད། རང་གིས་ཚོད་དཔག་བྱེད་གཞི་ནི་མེ་དཔལ་གྱི་ས་ལམ་ཞིག་ཡོད་པ་དུས་འགྱུར་སྔོན་ཙམ་དུ་བཞུགས་ཡོད་པ་དང་། སྤྱན་ལྡན་ཆེན་པོའི་མཛོད་འགྲེལ་ལས་ཀྱང་བླ་མ་མེས་གསུངས་པ་ལྟར་ཞེས་པ་དེའོ།།མེ་གཉོས་རྣམ་གཉིས་ནས་རིམ་བཞིན་འགྲོ་མགོན་ཁུ་དབོན་སོགས་ཀྱིས་ས་ལམ་གྱི་གཞུང་ཆེན་རེ་འགའ་རྗེས་བཞག་ཡོད་ཚོད་ལས་སྟོན་ཆེན་བཅོ་བརྒྱད་ཀུན་ལ་གབ་མཛོད་ས་གསུམ་རེ་ཡོད་པར་བསྙད་པ་དེའང་དོན་དངོས་ཡིན་མིན་ཅི་ཤེས།
རེད་དེ་འདིར་དཔྱད་བྱ་གཙོ་བོ་རང་བཞིན་བདེན་པའི་སྐོར་ནས་ཡིན་ཞིང་། དེ་ཡང་ཇི་ལྟར་སྨྲ་བར་མོས་ན། ད་བཞུགས་དཔེ་ཆ་སྤྱན་ལྡན་ཆེན་པོ་དང་། བདག་ཉིད་ཆེན་པོ་རྣམ་གཉིས་ཀྱི་འཕྲུལ་ལྡེ་དང་འཕྲུལ་སྒྲོན་གཉིས་ཀྱི་རིགས་འགྲོས་སམ་གཞུང་བབ་དངོས་ལ་དཔྱད་དེ། གཞུང་འདི་དག་ལས་བསྟན་པའི་བདེན་པའི་དབྱེ་མཚན་སྐོར་སྨྲ་དགོས་པ་ལས། གཞན་པའི་ལྟ་བ་དང་རང་རིག་སོགས་ལ་མཐོར་སྙེགས་བྱེད་དྲགས་ན་གཞུང་དོན་དངོས་འགྲིབ་པར་འགྱུར་རམ་སྙམ།གོང་གསལ་མཁས་པའི་ཁྱུ་མཆོག་རྣམ་གཉིས་ཀྱིས་མཛད་པའི་ས་ལམ་མ་བུ་གཉིས་ལས་བསྟན་པའི་རང་བཞིན་བདེན་པ་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན།རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག་ལས། ཡིན་ལུགས་ལྡན་པ་བདེན་པའི་མཚན་ཉིད་བཞག་ནས། དེའི་མཚན་གཞིའམ་དབྱེ་བ་བསྟན་པའི་སྐབས་སུ། དེ་ཉིད་ལས། གཉིས་པ་མཚན་གཞི་ལ་གསུམ་སྟེ། རང་བཞིན་གྱི་བདེན་པ་དང་། གནས་སྐབས་ཀྱི་བདེན་པ་དང་། རིགས་བསྡུས་པའོ།། ཞེས་ས་བཅད་གསུམ་དང་། དང་པོ་ལ་གསུམ་ལས། ཞེས་རང་བཞིན་བདེན་པ་ལ་མཚན་ཉིད་དབྱེ་བ་ངེས་ཚིག་སྟེ་ས་བཅད་གསུམ་གྱི་སྒོ་ནས་བསྟན་ཡོད་པ་མངོན་གསལ་ཡིན་ཞིང་། དེའི་གཉིས་པ་དབྱེ་བའི་སྐབས་སུ་དོན་ལྔ་ངོས་བཟུང་བའི་དང་པོ་དབྱེ་གཞི་ལ།
ཁ་ཅིག་གིས་རང་བཞིན་མེད་པ་ཙམ་ལ་འདོད་དེ་ཞེས་ཕྱོགས་སྔ་བཀོད་ནས། དེ་དགག་པ་ལ་རང་བཞིན་མེད་པ་བདེན་གཉིས་ཀྱི་སྤྱི་མ་ཡིན་ལ་བདེན་གཉིས་དེའི་བྱེ་བྲག་མ་ཡིན་ཏེ། ཀུན་རྫོབ་བྱིས་པའི་བློ་ལ་ལྟོས་ནས་རང་བཞིན་མེད་པ་ཡིན་ན་འབད་མེད་དུ་གྲོལ་ལ། མ་ཡིན་ན་དབྱེ་གཞི་དེ་ཉིད་ཡིན་པར་ཉམས་པ་དང་། བདེན་གཉིས་རང་བཞིན་མེད་པའི་བྱེ་བྲག་ཀྱང་མ་ཡིན་ཏེ། དོན་དམ་རང་བཞིན་མེད་པས་གྲུབ་ཀྱང་། ཀུན་རྫོབ་སྣང་ལ་རང་བཞིན་མེད་པའི་ལྡོག་པ་མ་ཡིན་པས་སོ།། དེ་ལྟར་ཡིན་ན་ཀུན་རྫོབ་རང་བཞིན་མེད་པའི་ལྡོག་པར་འགྱུར་བ་ལས་སྒྱུ་མ་ལྟ་བུར་གསུངས་པས་བསལ་ལོ།། དེས་ན་མཚན་ཉིད་དེ་ལྡན་གྱི་བདེན་པ་ཙམ་མོ།།ཞེས་གསུངས་པ་དང་བདག་ཉིད་ཆེན་པོའི་ས་ལམ་ལས། གང་ལ་དབྱེ་བའི་གཞི་ནི་མཚན་ཉིད་དེས་ཁྱབ་ཙམ། ཞེས་གསུངས་པའི་མཚན་ཉིད་དེ་ནི། གནས་སྐབས་བདེན་པའི་ཁྱབ་བྱེད་དུ་གྱུར་ཅིང་ཡིན་ལུགས་དང་ལྡན་པ་དེ་ལ་འཇོག་པ་ལས་འོས་མེད་པའི་ཕྱིར་རོ།།ཁ་ཅིག་ན་རེ། མཚན་ཉིད་དེས་ཁྱབ་ཙམ་ཞེས་པ་ཡང་། གོང་དུ་ཡིན་ལུགས་དང་ལྡན་པ་བདེན་པའི་མཚན་ཉིད་དུ་བཞག་པ་དེ་ལ་འགྲེལ་ནས། སྐབས་འདིའི་དབྱེ་གཞི་བདེན་པ་དང་། དེ་ལ་དབྱེ་ངོ་ཀུན་དོན་གཉིས་སུ་སྨྲ་མཁན་ཡོད་མོད།
སྤྱིར་དབྱེ་གཞི་བདེན་པ་ཙམ་དང་དབྱེ་ངོ་ཀུན་དོན་གཉིས་སུ་སྨྲ་བ་ལ་ལུང་རིགས་ཀྱི་གནོད་པ་མེད་ནའང་། སྐབས་འདིའི་དབྱེ་གཞི་མཚན་ཉིད་དེས་ཁྱབ་ཙམ་ཞེས་པ་དེ་གོང་གི་སྤྱིར་བདེན་པའི་མཚན་ཉིད་ལ་འགྲེལ་བ་ལས་སྐབས་འདིའི་རང་བཞིན་གྱི་བདེན་པ་ལ་གོ་མི་རུང་བར་འདོད་ན། གཞུང་གི་ས་བཅད་ཀྱི་བབ་མི་ཟིན་པ་དང་། གཞུང་གི་རིགས་ལམ་དང་ཡང་འགལ་བར་འགྱུར་རོ།།
དེ་ཡང་དང་པོ་ནི། འཕྲུལ་གྱི་ལྡེ་མིག་དང་། འཕྲུལ་གྱི་སྒྲོན་མེ་གཉིས་ཀྱི་ས་བཅད་ཀྱི་བསྟན་རིམ་ལ་དོ་སྣང་གིས་གཟིགས་ཙམ་གནང་ན་ཤེས་ནུས་ཤིང་།གཉིས་པ་ནི། རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག་ལས། གནས་སྐབས་ཀྱི་བདེན་པའི་མཚན་ཉིད་བསྟན་པའི་སྐབས་དེར། ལུང་རིགས་ཀྱི་མངའ་བདག་ན་རེ། རང་རང་གི་བློ་ངོར་གྲུབ་པའམ་གཡུང་དྲུང་སེམས་དཔའི་བློ་ངོར་གྲུབ་པ་གསུངས་པ་ནི་མ་ཡིན་ཏེ། དེ་ལྟར་ན་རང་བཞིན་གྱི་བདེན་པའང་དེར་འགྱུར་ལ། ཞེས་གསུངས་པའི་ཕྱིར་རོ།།སུན་འབྱིན་ཡང་དག་དེ་ནི། རང་བཞིན་གྱི་བདེན་པ་ཞེས་པ་དེ་སེམས་ཉིད་ལ་འཇོག་དགོས་སྙམ་པའི་ལོག་རྟོགས་ཀྱི་དུ་མུན་སྐད་ཅིག་ལ་འབྱིན་པར་ནུས་པའི་རིགས་ལམ་གྱི་བསིལ་རླུང་དྭངས་མ་ཞིག་ཏེ། ཁྱོད་ཀྱི་འདོད་པ་ལྟར། གལ་ཏེ་རང་བཞིན་བདེན་པ་དེ་སེམས་ཉིད་ལ་འཇོག་དགོས་ན།
སྐབས་འདིར་སེམས་ཉིད་དེ་བློ་ངོར་གྲུབ་པ་འདོད་དགོས་པའི་སྐྱོན་དེ་ནི་མ་བསམ་ས་ནས་ཁྱེད་ཀྱི་དབུར་ལྷུང་བའི་གཏན་ཚིགས་ཀྱི་ཐོག་དམར་ཞིག་ཡིན་པའི་ཕྱིར། དེར་ཐལ། གནས་སྐབས་ཀྱི་བདེན་པའི་མཚན་ཉིད་བློ་ངོར་གྲུབ་པ་འདོད་ན། རང་བཞིན་གྱི་བདེན་པའང་དེར་འགྱུར་ཞེས་པས། རང་བཞིན་གྱི་བདེན་པ་གནས་སྐབས་ཀྱི་བདེན་པར་འགྱུར་བའི་སྐྱོན་འཕངས་པའི་ཕྱིར།། ཁྱབ་སྟེ། རང་བཞིན་བདེན་པ་དེར་འགྱུར་བའི་རྒྱུ་མཚན་ནི། བློ་ངོར་གྲུབ་པ་ཡིན་པའི་རྒྱུ་མཚན་ལས་གཞན་གང་ལ་ཡང་བསྙོན་དུ་མེད་པའི་ཕྱིར།
དེ་ལ་གལ་ཏེ་སེམས་ཉིད་བློ་ངོར་གྲུབ་པ་འདོད་ཟེར་ན། གཡས་རུའི་ས་ལམ་གྱི་གཞུང་ཆེན་འདི་དག་གི་ཐོག་མཐའ་བར་གསུམ་ཀུན་ལ་འགལ་བར་འགྱུར་ཏེ། དེ་ཉིད་ལས། བློ་ངོར་གྲུབ་པ་བདེན་པའི་མཚན་ཉིད་དུ་བཞེད་ན། དོན་དམ་བདེན་པ་ལ་མ་ཁྱབ་པའི་སྐྱོན་ཡོད་པ་གོང་དུ་བདེན་པའི་མཚན་ཉིད་ལ་དགག་བཞག་སྤངས་གསུམ་གྱི་སྐབས་སུ་གསལ་བ་མ་ཟད། གནས་སྐབས་བདེན་པའི་མཚན་ཉིད་ཀྱི་སྐབས་འདི་ནས་ཀྱང་། བློ་ངོར་གྲུབ་པ་གོང་གིས་ཁེགས་སོ། ཞེས་དང་། འཕྲུལ་སྒྲོན་ལས། སྟོང་ཉིད་བཅོ་བརྒྱད་ལ་སོགས་དོན་དམ་དུ་བཞག་སྟེ། སྤྲོས་བྲལ་རང་བཞིན་གྱི་ཆ་དང་བློ་ལ་མི་ལྟོས་པའི་བོན་ཡིན་པའི་ཕྱིར། ཞེས་སོགས་དང་འགལ་བར་འགྱུར་རོ།། དེས་ན་རང་བཞིན་གྱི་བདེན་པ་ནི་ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་ལྡན་པ་སྟེ། བདེན་གཉིས་ཀྱི་སྤྱི་རུ་གྱུར་པའི་བདེན་པ་དེ་ཙམ་ལས། ཕྱོགས་གཞན་ཞིག་ནས་གོ་བ་ཟབ་མོ་ཞིག་འཚོལ་བའི་འབད་པ་མི་དགོས་སོ།།
འོ་ན་ཀུན་རྫོབ་དང་དོན་དམ་ལས་ཀྱང་རང་བཞིན་གྱི་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ།། ཞེས་པའི་དོན་མེད་ཟེར་ན། ཁྱོད་ལ་ཡང་འདི་འདྲི་སྟེ། དོན་དམ་གྱི་བདེན་པ་སྐབས་འདིའི་བདེན་གཉིས་ཟུང་འབྲེལ་མ་ཡིན་ཞིང་། སེམས་ཉིད་དེ་འདི་སྐབས་ཀྱི་བདེན་གཉིས་ཟུང་འབྲེལ་ཡིན་པའི་དོན་ཅི། རང་གི་ལན་ནི། བདེན་པ་ཙམ་བོན་ཅན། ཁྱོད་ལ་བདེན་གཉིས་ཟུང་འབྲེལ་ཞེས་པའི་རྒྱུ་མཚན་ཡོད་དེ། ཁྱོད་དབྱེ་གཞི་རུ་འཇོག་ཅིང་ཁྱོད་ཀྱི་ལྡོག་པ་ནས་བདེན་པ་གཉིས་དབྱེ་རུ་ཡོད་པའི་ཕྱིར་དང་། ཡང་རང་བཞིན་བདེན་པ་བོན་ཅན། ཁྱོད་ལ་སྐབས་འདིར་བདེན་གཉིས་ཟུང་འབྲེལ་ཞེས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་ལྡོག་པ་ལ་བདེན་པ་གཉིས་ངོ་བོ་གཅིག་དང་ཐ་དད་ཀྱི་དབྱེ་བ་མེད་པར་གནས་པའི་ཕྱིར་རོ།།
2015/4/4/ཉིན།