༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
དབྱར་རྩྭ་དགུན་འབུའི་ནུས་ཤུགས་དང་མི་ངན་འགའི་སྤྱོད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་སྨྱོན་བཙན་རྒོད།] [གཟིགས་ཐེངས:]

ཆུང་བྱིས་པ་སྐྱིན་སྐྱག་ཤོར་ནས་བཟུང་། །

ཉ་རྒྱུད་པས་རྒྱུད་པ་བསླ་བཞིན་ལ།

ད་བར་དུ་ཕ་མའི་གསོ་སྐྱོང་འོག །

ཉ་ཤ་འགས་ཞིག་ཏུ་མ་གྱུར་བར། །

ང་བུ་ཆུང་རང་མགོ་ཐོན་མ་མྱོང་། །


དུས་ད་ལྟ་དབྱར་རྩྭའི་བཀའ་དྲིན་ལ། །

དྲིན་ཕ་མ་ཡིན་ན་དགོས་མཁོ་མེད། །

གཉེན་ཉེ་འབྲེལ་ང་ལ་དགོས་དོན་མེད། །

གྲོགས་དགའ་ས་གཅིག་ཀྱང་མི་དགོས་ཏེ། །

ང་འབུ་སྐྱག་ཕོག་ནས་འགྲོ་བཞིན་ཡོད། །


བུ་དཔའ་བོ་ཞིག་ལ་ང་མི་སྐྲག །

མཐོ་དཔོན་པོའི་འོག་ལ་ང་མི་སྒུར། །

ངས་ཕ་ཡུལ་མང་ཚོགས་ངོ་མི་ཤེས། །

ཏང་ལས་བྱེད་མི་ལ་ངས་འགྲན་འཕོད། །

ངའི་འབྱར་ཁུག་སྒོར་མོས་གང་སྡད་ཡོད། །


ཁྱིམ་ནང་གི་ཟས་ལ་ཁ་མི་ཐུབ། །

དགོང་གཅིག་ལ་ཉལ་ན་འོག་གཟེར་གདའ། །

དྲིན་ཕ་མས་ཁ་ལ་ཉན་མི་འདོད། །

གཟའ་ཚེ་རོགས་གཏམ་ལ་སྙན་མོ་མེད། །

འབུ་རྭ་གཅིག་དེ་ཡི་ནུས་ཤུགས་རེད། །


རྒྱ་ཟས་ཁང་ནང་དུ་ཚལ་སྣ་བསྒྲིགས། །

བོད་ཇ་ཁང་ནང་དུ་སྦི་རག་འཐུང་། །

ཉིན་རྟག་པར་སྲང་འཁྱམས་རྐྱང་རྐྱང་རྒྱག །

ཧོད་བལྟས་ན་སྦྱིན་བདག་ཆེན་པོ་འདྲ། །

དཔྱད་བཞག་ན་ཕག་རྒན་ཞིག་དང་མཚུངས། །


ཉིན་ཉི་མའི་གང་ལ་ཆུ་ཁར་འདུག །

མཚན་ཟླ་བའི་ངང་ལ་ཨར་ཁང་འགྲོ །

ཞག་ཁ་ཤས་རིང་ལ་གང་དྲན་བྱེད། །

ལོ་གཅིག་གི་ཡོངས་འབབས་སྤུར་བཞིན་གདའ། །

དོན་ངོ་མ་སུ་ལ་ཕམ་ཁ་གདའ། །


གཟའ་ཕ་མ་མང་པོས་ཞོར་ལས་དེ། །

མི་གཅིག་གིས་བག་མེད་ལོངས་སུ་སྤྱོད། །

ལོ་གཅིག་གི་གཟའ་ཉོབ་འཚོ་བ་དེ། །

དུས་ནམ་ཞིག་ཆོད་པའི་མཐའ་ཡོད་དམ། །

མི་ཁྱི་རྒན་འདྲ་བའི་བསམ་གཞིག་བྱོས། །


ཞག་ཁ་ཤས་རྗེས་ནས་ཁྱིམ་ལ་ལོག །

གཟའ་ཚེ་རོགས་སྟེང་ལ་དཔུང་པ་འཕུར། །

དྲིན་ཕ་མས་ཁ་ལ་ཨ་ལན་སློག །

ཡུལ་གྲོང་རོགས་ཚོ་ལ་བཟི་རྒྱག་བྱེད། །

དྲན་ཤེས་ན་དུད་འགྲོ་ལས་ཀྱང་སྡུག །


དོན་ཇི་མ་ཇི་བཞིན་འབྲི་དགོས་བྱུང་། །

མི་འགའ་ཤས་བྱ་སྤྱོད་མཐོང་བའི་རྐྱེན། །

ཡུལ་འགའ་ནས་གནས་ཚུལ་མང་པོ་ཐོས། །

མི་རྒན་གཞོན་འགའ་ཞིག་ལས་སྟངས་དངོས། །

སེམས་སྡུག་བཞིན་སྡུག་བཞིན་བྲིས་པ་ཡིན། །


༢༠༡༤/༤/༢༥/འཁོར་ཚོད/༠༡:༤༥/ཐོག་གཉིད་མ་ཁུག་ནས་ང་ཚོ་བོད་ནང་ཁུལ་དབྱར་རྩྭ་དགུན་འབུ་ཡོད་སའི་ས་ཆ་ཁ་ཤས་ཀྱི་མི་བུ་འགས་སྤྱོད་སྟངས་དང་ལས་སྟངས་ལ་བསམ་ནས་དེ་འདྲ་ཞིག་དབང་མེད་དུ་སོལ་རྩེ་ནས་ཐོལ་བྱུང་།


ཞོར་དུ་ཞུ་རྒྱུ་ཞིག་ལ་འདི་ན་ཡུལ་སྐད་ཐོག་ནས་འགའ་ཞིག་བྲིས་ཡོད་པས་གོ་མ་བདེ་འདྲ་འདུག་ན་མཆན་འགོད་རོགས་གྱིས་ཞེས་ཞུ་ཞུ།  




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།