༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > ལོ་རྒྱུས། > 1 གནའ་རབས།
1 གནའ་རབས།
ཁྱུང་པོའི་གདུང་རབས་གསེར་སྒམ་མ།
[རྩོམ་ཁུངས།:​རྒྱལ་སྲས་སྤུ་ལྡེའི་བླ་མཁར།] [ཟླ་ཚེས།:2017-04-26] [རྩོམ་པ་པོ།:​རྩོམ་པ་པོ་སུ་ཡིན་མ་ཤེས།] [གཟིགས་ཐེངས:]

གསལ་བཤད་ཀྱི་གཏམ།

      ལོ་རབས་ཀྱི་ཕྲེང་བ་སྟོང་ཕྲག་དུ་མ་ཁད་ཀྱིས་འཁོར་བའི་ནང་དོ་ཕོག་ཆེན་པོ་གསུམ་བྱུང་ཞིང་།སྐབས་དེ་དུས་ཡོད་ཚད་མེ་ཆུ་ས་རླུང་གང་གི་ཞལ་དུ་བཙན་གྱིས་བསྟབས་ཀྱང་སླར་ལས་དབང་ཞིག་གིས་འགྱེལ་ས་ནས་འགྲེང་མྱོང་བའི་རི་བོ་གངས་ཅན་པའི་མེས་པོའི་སྙིང་ནོར་སྟེ།ཞང་བོད་ཀྱི་ཆོས་རིག་འདི་ལ་དེ་སྔོན་ཉམས་ཞིབ་ཀྱི་བྱ་བ་ཁོ་ནས་མི་ཚེའི་འདུ་བྱེད་རྫོགས་ལ་ཉེ་བར་སླེབས་པའི་འཛམ་གླིང་ཤེས་ལྡན་གྲངས་ལས་འདས་པས་བོད་དང་བོན་གྱི་བྱུང་རབས་ལ་ཞིབ་མདོག་གི་བསྡོམས་ཚིག་སྣ་ཚོགས་བཀོད་ཡོད་ཀྱང་།དེང་སྐབས་མདོ་དབུས་སྟོད་སྨད་ཀུན་གྱི་ས་འོག་དང་གད་ཕུག་གནའ་ཤུལ་སོགས་ནས་དངོས་རྫས་དང་ཡིག་རྙིང་སོགས་ལོ་ལྟར་གསར་དུ་ཐོན་དང་འཐོན་བཞིན་ཡོད་སྟབས།སྔར་བཤད་པ་དེ་དག་ཕལ་མོ་ཆེ་ཡང་ལོ་ཚིགས་ཀྱི་ཐད་ནས་ཕྱིར་བསྣུར་རང་བཞིན་གྱིས་ཆགས་ཡོད།དེ་ལྟར་ན་ད་ལྟའི་ཆར་ང་ཚོའི་མེས་པོའི་ཆོས་རིག་འདིའི་ཡ་མཐའི་ལོ་རབས་ཀྱི་ཕུག་ཐག་ག་ཚད་ཡོད་མེད་དེ་ཞིབ་འཇུག་པ་ལ་མཚོན་ན་ད་དུང་དཔྱད་གཞིའི་གནས་སུ་ལྷགས་ཡོད་ལ།དེ་བཞིན་བརྗོད་བྱའི་ཟབ་ཚད་ལའང་བརྒྱ་ཆ་དགུ་ཐམ་པ་ད་དུང་མུན་ནག་དུ་གྱུར་ཡོད་པ་ནི་ཁོ་ཚོས་བྲིས་པའི་ཀློག་དེབ་ཁག་ལས་ཤེས་ཐུབ།
      
གང་ལྟར་ང་ཚོས་གཡུང་དྲུང་བོན་གྱི་འབྱུང་གནས་ནི་ཁྱུང་ལུང་སྟེ་ཞང་ཞུང་ཡིན་པ་བཤད་མ་དགོས་ཤིང་།དེ་ཡང་དེང་དུས་མངའ་རིས་སྐོར་གསུམ་དུ་གྲགས་ཙམ་མ་ཡིན་པར་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་མོ་ཡུག་ལས་ད་དུང་ཕྱི་རུ་བརྒལ་ཡོད་པ་ནི་ཤུལ་ལྷག་གི་སྐད་ཡིག་དང་གནའ་རྫས་རྙིང་པ་སོགས་ཀྱིས་ཨ་རུ་རའི་རང་མདོག་བསྟན་བཞིན་པ་འདི་ཀ་ལགས།དེ་ཡང་ཞང་ཞུང་གི་ལོ་རྒྱུས་ཇི་བཞིན་མཁྱེན་རྟོགས་དགོས་ན་ཆེས་རྙིང་པའི་ཁྱུང་རབས་ཁག་ལ་ལྟ་ཀློག་དགོས་པ་ནི་ཞང་ཞུང་དང་འབྲེལ་ཡོད་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པར་སྙམ།རྒྱུ་མཚན་དེའི་ཕྱིར་ངས་གཤམ་ནས་བོན་དཔེ་རྙིང་པ་(ཁྱུང་པོའི་གདུང་རབས་གསེར་སྒམ་མ་)ཞེས་པ་དེ་དྲ་ཐོག་ནས་ཁྱེད་ཀློག་པོ་རྣམས་ལ་ངོ་སྤྲོད་བྱ་རྒྱུ་ཡིན།
      
སྤྱིར་དམ་པ་ཁྱུང་གི་གདུང་རབས་ལ་རྒྱས་བསྡུས་མང་དུ་ཡོད་ཚོད་འདུག་མོད་ཀྱང་།དེ་ལས་གཤམ་འཁོད་(ཁྱུང་རབས་གསེར་སྒམ་མ་)དང་(ཁྱུང་རབས་གཡུ་མགོ་མ།)དེ་བཞིན་(ཁྱུང་རབས་གོང་སྔོན་མ་)བཅས་ལ་ཁྱུང་པོའི་མ་ཡིག་རྣམ་གསུམ་ཞེས་བྱུང་སྔ་བ་དང་ཀུན་གྱིས་གཞི་འཛིན་ས་ཞིག་ཡིན་པར་སེམས།ད་དུང་དེ་དག་ལས་མ་ཡིག་གོང་སྔོན་མ་ཅུང་སྔ་ཤོས་ཡིན་པ་ནི་གཡུ་མགོ་མའི་ནང་དུ་བསྐལ་པ་ཆགས་འཇིག་སོགས་ད་ལྟ་མ་ཡིག་གོང་སྔོན་མ་ལས་ཞིབ་ཅེས་གསུངས་པས་གསལ།ཡང་ཁྱུང་རབས་གཡུ་མགོ་མ་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་མཛད་པ་ཞིག་ཡིན་པར་གསུངས་ཡོད།འོན་ཀྱང་ཁྱུང་པོ་གཡུ་ཁྲིའི་ལོ་རྒྱུས་གསལ་ཁ་མ་མཐོང་ཡང་།དུང་དཀར་བས་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན་ཞེས་གསུངས། (ཁྱུང་རབས་གསེར་སྒམ་མ་)འདི་ནི་རྩ་བའི་མཛད་པ་པོ་སུ་ཡིན་གང་ཡང་གསལ་མེད་ན་ཡང་། (ཁྱུང་རབས་གཡུ་མགོ་མའི་)ནང་མ་ཡིག་གོང་སྔོན་མ་དང་གཡུ་འཕྲུ་མ་སོགས་ཡོད་པར་བཤད་ཀྱང་འདིའི་སྐོར་ལུང་འདྲེན་སོགས་གང་ཡང་མི་འདུག་པས་གཡུ་མགོ་མའི་རྗེས་སུ་བརྩམས་པ་ཞིག་མིན་ནམ་སྙམ།འོན་ཀྱང་གཡུ་མགོ་མའི་ནང་མ་གསལ་བ་ཙམ་གྱིས་དེ་སྔོན་དུ་མེད་པའི་ངེས་པ་ནི་མེད་མོད།གང་ལྟར་ཀྱང་ཁྱུང་རབས་འདི་ནི་ཕྱིས་སུ་བཅོས་བསྒྱུར་མཁན་པོ་འགའ་ཡིས་ཕྱག་གིས་རེག་མྱོང་བ་ཞིག་ཡིན་པ་ཧ་ལམ་ཁ་ཚོན་གཅོད་ནས་སྨྲ་ནུས།རྒྱུ་མཚན་ཅིའི་ཕྱིར་ན། དཔེར་ན། ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེངས་ཚུལ་བཤད་པའི་སྐབས། “ཁྱུང་སེར་ལྷ་ཁྱུང་རྒྱལ་གྱིས་བྱ་ཟེ་ཡང་རྫོང་སུ་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བཞེངས་པ་དང་། “ཁྱུང་དཀར་ཐོགས་ལ་འབར་གྱིས་ངང་སྐྱའི་ཁྱུང་རྫོང་དུ་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས་པ་དང་། “ཁྱུང་ནག་དམུ་ཁྱུང་རྒྱལ་གྱི་གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་དུ་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས་པར་བཤད་འདུག་ཀྱང་། (མ་ཡིག་གཡུ་མགོ་མ་)དང་།ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་(ཁྱུང་པོ་སྟོད་སྨད་བར་གསུམ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམ་ཐར་མདོར་བསྡུས་)སོགས་ལས་འདིའི་སྐོར་འཆད་སྐབས་གཞན་ཕལ་ཆེར་འདི་དང་ཚིག་གི་ཁྱད་པར་ཙམ་ཡང་མེད་པར་གཅིག་མཚུངས་ཡིན་ནའང་།གོང་དུ་ཁོང་རྣམ་པའི་མཚན་གྱི་གོང་དུ་དཀར་’‘ནག་’‘སེར་གསུམ་ཞེས་པ་དེ་དང་།མཁར་བཞེངས་གནས་བྱ་ཟེ་ཡང་རྫོང་དང་། ངང་སྐྱའི་ཁྱུང་རྫོང་།” “གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་ཞེས་པ་དེ་དག་ཁྱུང་རབས་གཞན་གཉིས་ཀྱི་ནང་དུ་མེད་པ་ནི་ཕྱིས་སུ་ཁ་བསྣོན་བྱས་པ་ཞིག་ཡིན་པ་གསལ་པོ་རེད།ཅིའི་ཕྱིར་ན་ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེངས་གནས་ནི་ཁོང་གསུམ་དང་ཐོག་ཞང་ཞུང་ས་སྐྱོང་དབང་པོའི་བླ་ཡི་མཆོད་གནས་སུ་བྱོན་སའི་གནས་མཆོག་ཞང་ཞུང་སྟོད་ཀྱི་ཡུལ་ཞིག་ཏུ་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་ལས་གསལ་པོར་ཤེས་ནུས་ལ།གོང་གི་ས་མིང་དེ་དག་ཀྱང་ད་ལྟ་སྟེང་ཆེན་རྫོང་ཁོངས་ཁྱུང་པོ་ཁོག་གི་ས་མིང་ཞིག་ཡིན་པ་མ་ཟད།དེ་ཡང་ཕྱིས་སུ་ཁྱུང་པོའི་གདུང་རྒྱུད་ཀྱི་བླ་མ་དག་མར་སུམ་གླང་གྱིམ་ཤོད་དུ་སླེབས་པའི་རྗེས་སུ་ཁྱུང་པོའི་བུ་སྤུན་གཉེན་ཚན་རྣམས་ཚོ་གསུམ་བགོས་ཏེ་སེར་ཚ་དང་།དཀར་རུ།ནག་རུ་བཅས་སུ་བཞུགས་པས་དེ་ནས་བཟུང་རུ་ཤོག་ས་ཡི་མིང་མི་ལ་ཐོགས་ནས་ཁྱུང་དཀར་’‘ནག་’‘སེར་གསུམ་གྱི་ཐ་སྙད་བྱུང་བ་(ཁྱུང་རབས་གསེར་སྒམ་མ་)རང་དུ་བཤད་པ་བཞིན་ཁྱུང་རབས་གཞན་རྣམས་ཀྱང་དེ་ལྟར་གསལ་བས་སོ།དེ་བཞིན་(ཁྱུང་པོའི་མ་ཡིག་གསེར་སྒམ་)སོགས་ལས་བསྡུས་ཏེ་བྲིས་པར་གསུངས་པའི་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས་ཀྱང་།གོང་དུ་བཤད་པའི་ས་གནས་དེ་དག་གི་ཚིག་ཟུར་ཙམ་ཡང་གསལ་མེད་པ་དང་།དེ་ཙམ་དུ་མ་ཟད་ཞང་ཞུང་ཁ་ཡུག་གི་ཡུལ་དུ་ས་མིང་འདི་བཞིན་ཡོད་ཚུལ་ད་བར་རྒྱལ་རབས་ལོ་རྒྱུས་གང་ལས་ཀྱང་མ་མཐོང་ངོ་།གལ་སྲིད་ཞང་ཞུང་ཁ་ཡུག་གི་ཡུལ་ཞེས་པ་ད་ལྟ་ཁྱུང་པོ་སྟེང་ཆེན་གྱི་ས་ཆར་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་སྙམ་པའི་དོགས་གཞི་ཞིག་རང་བཞིན་གྱིས་ཡོང་སྲིད་མོད་ཀྱང་།དེ་ནི་མི་འགྲིག་ཏེ་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས། “སྟོད་ཁྱུང་ལུང་དངུལ་མཁར་དབྲ་ཡི་ས། དབྲ་རྗེ་སྟོན་པའི་གདན་ས་ལ།ཁྱུང་པོ་ཆགས་པའི་གདན་ས་བྱས།” ཞེས་སོགས་གསུངས་པས་སོ།།
      
ད་དུང་གཞན་ཞིག་ལ་ཁྱུང་རབས་འདིའི་ནང་ཆུ་སྦྲུལ་ལོ་ཕྲན་དབལ་འབར་སྟག་ལྷག་(སླག་)འཁྲུངས་ཞེས་གསུངས་པར་བསམ་ན།ཁྱུང་རབས་འདི་ཉིད་དབལ་འབར་སྟག་སླག་གིས་མཛད་པ་ལྟ་བུར་སྣང་མོད་ཀྱང་།དེ་ནི་ཧ་ལམ་ཡོངས་ཐབས་མེད་པ་ཞིག་ཡིན།རྒྱུ་མཚན་ནི་གོང་ཞུས་ཁྱུང་དཀར་ལྷ་མཆོག་རྒྱལ་གྱིས་མཛད་པའི་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ལས་ཁྱུང་པོའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་ཅུང་རྒྱས་པར་འཁོད་པ་མ་ཟད།ད་དུང་ཁྱུང་པོའི་(མ་ཡིག་གསེར་སྒམ་མ་)སོགས་ལས་བསྡུས་ཏེ་བྲིས་པ་ཞིག་ཡིན་ཞེས་བཤད་ཡོད་པས།གལ་ཏེ་(གསེར་སྒམ་མ་)འདི་ཉིད་དབལ་འབར་སྟག་སླག་གིས་མཛད་པ་ཞིག་ཡིན་ན་ཁོང་གི་རྣམ་ཐར་རྒྱས་པར་མ་བཀོད་རུང་མ་མཐའ་མཚན་ཙམ་ཞིག་ངེས་པར་འཁོད་དགོས་ཏེ།སྤྱིར་དབལ་འབར་སྟག་སླག་ཁོང་ནི་མཛད་པའི་འཕྲིན་ལས་བསམ་མཐའ་ཡས་པའི་དམ་པ་ཁྱུང་གི་གདུང་འཛིན་གྱི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་དང་གཅིགལྷག་པར་དུ་ལྷ་མཆོག་རྒྱལ་ཁོང་གིས་བྲིས་པའི་ཁྱུང་རབས་དེ་ཡི་གཞི་བཅོལ་ས་ཁྱུང་པོའི་(མ་ཡིག་གསེར་སྒམ་མ་)འདི་ཡི་མཛད་པ་པོ་ཡིན་དགོས་པས་སོ།ལར་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ནང་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ཚུན་ཆད་ཀྱི་ཁྱུང་པོའི་གདུང་འཛིན་གྱི་བླ་མ་དག་གི་རྣམ་ཐར་ལོ་རྒྱུས་གང་ཡང་འཁོད་མེད་པ་དེས་ཀྱང་།ཁྱུང་རབས་འདི་ཉིད་ཧ་ལམ་དུས་རབས་བཅུ་བཞི་ཡས་མས་ཙམ་ལ་བྲིས་པ་ཞིག་ཡིན་པར་གསལ་སྟོན་བྱས་འདུག་སྙམ།གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་གཏང་ན་དེ་བས་གང་གི་གཞི་བཅོལ་སའི་ཁྱུང་རབས་རྣམས་ཀྱང་དེའི་སྔོན་དུ་ཡོད་དགོས་པ་ནི་ཅི་སྨོས།དེས་ན་(དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་)ནང་དབལ་འབར་སྟག་སླག་གི་མཚན་འཁོད་མ་པ་མ་ཟད། (ཁྱུང་རབས་གསེར་སྒམ་མ་)འདི་ལ་ཁྱུང་པོའི་མ་ཡིག་བཅས་སྨོས་པ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ།ད་ལན་ཁོ་བོས་གཤམ་དུ་འགོད་རྒྱུའི་(ཁྱུང་རབས་གསེར་སྒམ་མ་)འདིའི་མ་དཔེ་ནི་༸སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ཁྱུང་རབས་འདི་ཉིད་(ཁྱུང་ནག་སྤུ་བླའི་བླ་རབས་རྣམ་ཐར་)དང་འཕྲོ་མཐུད་མཛད་པ་ཞིག་འདི་གའི་ལོ་དེབ་(བོན་སྒོ་)འདོན་ཐེངས་ཉེར་གསུམ་པའི་ཐོག་བཀོད་ཡོད་པས།དེ་ལས་‘‘གོང་མ་ཁྱུང་པོའི་གདུང་རབས་གསེར་སྒམ་མའི་མ་ཡིག་དངོས་’’ཞེས་པ་དེ་ལས་དྲངས་པ་ཞིག་ཡིན།དེ་ཉིད་ནི་འདིར་ངེད་རྩོམ་སྒྲིག་ཚོགས་པས་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་གོང་དུ་མཚན་འཁོད་པའི་ཁྱུང་རབས་གཞན་གསུམ་དང་གཤིབ་བསྡུར་རེ་ཟུང་བྱས་མོད་ཀྱང་།གལ་སྲིད་བརྗོད་བྱའམ་བསྟན་དོན་གྱི་ཐད་རྩ་བའི་ཆ་ནས་གཅིག་པ་ཡིན་གང་ཞིག་ལ་ཚིག་གི་དག་ཆའི་ཐད་ཅུང་ཁྱུང་རབས་གཞན་གསུམ་གང་རུང་ཞིག་དག་པར་མཐོང་བ་ཁག་མཆན་ཆུང་ནང་བཀོད་ཡོད་པ་ལས་དངོས་སུ་བཅོས་མེད།གཞན་ཁ་གསལ་དགོས་རིགས་ད་དུང་མཆན་ཆུང་དུ་བཞག་ཡོད།དེ་བཞིན་གཞུང་འདི་རང་ལ་ཤོག་གྲངས་སྔ་ཕྱིའི་བར་དག་ཆ་གཅིག་མཚུངས་དུ་མ་གྱུར་པ་དཔེར་ན་ཤོག་གྲངས་སྔ་མའི་ནང་སྟོད་འབྲི་ཛ་བདལ་ཕྱིན་ཆད་ཅེས་པ་དང་ཕྱི་མའི་ནང་སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད་ཅེས་ལྟ་བུ་དང་།ཡང་དང་པོར་གཟེ་ཡི་མ་ཡོན་པ་ནས་” ཞེས་དང་རྗེས་སུ་གཟི་ཡི་མ་ཡོ་ག་པ་ནས་ཞེས་པ་ལྟ་བུ་དག་ཁྱུང་རབས་གཞན་དང་གོ་བསྡུར་བྱས་ཏེ་གཅིག་གྱུར་བྱས་ཡོད་པ་ལས་གཞན་ངེད་ཅག་གིས་གཤག་བཅོས་བྱས་ཐལ་དྲག་པ་སོགས་གང་ཡང་མེད་ཅེས་གསལ་བཤད་ཀྱི་གཏམ་ཙམ་དུའོ།།

ཁྱུང་པོའི་གདུང་རབས་གསེར་སྒམ་མ།

      ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ལ།ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་རྒྱལ་ཁྱུང་ཆེན་གསུམ་སྔ་དྲོ་དར་གཅིག་བབས་ནས་སླར་འཕུར་ཏེ་དགུང་དུ་གཤེགས་སོ།དེ་ལ་ཡུལ་མི་རྣམས་ཀྱིས་ལྟད་མོ་བལྟས་པས།མེ་ཏོག་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན། སྤྱན་མིག་དམར་བ། རྭ་ཅོ་དང་ལྡན་པ།སྤྱི་གཙུག་ན་ཡི་བཞིན་གྱི་ནོར་བུ་འབར་བས་བརྒྱན་པ་གསུམ་བབས་པ་འདི་ཅི་ཡིན་ལྟས་པ།ཆོ་འཕྲུལ་ཡིན་ཞེས་ཀུན་ལ་དྲིས་པས།ཤས་ཆེ་རྒན་པ་རྣམས་ཀྱི་ན་རེ་ཁྱུང་མོ་ལ་གནམ་རུ་མེད་ཅིང་ཁྱུང་ཕོ་ལ་གནམ་རུ་སྔོ་ཟང་ངེ་བ་ཡོད་པ་ནོར་བུའི་བརྒྱན་པ་དེ།ཁྱུང་པོ་ཁྱད་པར་ཅན་ཞིག་རེད་ཟེར། ཡུལ་དེར་ཁྱུང་པོ་ཟེར་བའི་གཏན་ཚིགས་ཀྱང་དེ་ནས་བྱུང༌།ཞག་གསུམ་དྲོས་བཞི་ནས་སྔར་ཁྱུང་གསུམ་བབས་པའི་མལ་དུ། སྦར་མོའི་དྲོད་ལས་ཟིལ་པ་ཆགས།ཟིལ་པ་དེ་ལས་སྒོ་ང་དཀར་ནག་སེར་གསུམ་གྱུར་ཏོ། སྒོ་ང་དེ་གསུམ་བརྡོལ་བའི་ནང་དུ།ཁྱད་པར་འཕགས་པའི་ཁྱེའུ་མཚན་དང་ལྡན་པ་གསུམ་བྱུང་ངོ༌། ཆེ་བ་ཁྱུང་སེར་ལྷ་ཁྱུང་རྒྱལ།དེ་འོག་ཁྱུང་དཀར་ཐོག་ལ་འབར། ཆུང་བ་ཁྱུང་ནག་མི་(དམུ་)ཁྱུང་རྒྱལ་དང་གསུམ་འཁྲུངས་སོ།ཁྱེའུ་དེ་གསུམ་རྫུ་འཕྲུལ་གྱི་སྒོ་ང་ལས་འཁྲུངས་པ་དང༌།ལྷན་དུ་བླ་རྡོ་རིན་ཆེན་གྱི་ཕ་བོང་རེ་རེ་ཡང་སྲིད། མ་བསྐྱིལ་བའི་མཚོ་གསུམ་ཡང་སྲིད།ལྷ་རི་ལྷ་རྩེ་ལྷ་མཁར་ཞེས་མ་བརྩེགས་པའི་མཁར་གསུམ་ཡང་མངའོ།དེ་ནས་འགྲོ་བ་སེམས་ཅན་གྱི་དོན་ཕྱོགས་རིས་མེད་པར་མཛད་པ་མ་ཟད།ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེངས་པ་ནི།ཁྱུང་སེར་ལྷ་ཁྱུང་རྒྱལ་གྱིས་{བྱ་ཟེ་ཡང་རྫོང་དུ་}ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་དུ་ལོ་པཎ་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས།དེ་ཡི་མདུན་དུ་མུ་མེན་གྱི་རྐོང་བུ་ལ་ག་བུར་(གྱི)སྡོང་བུ་གཙུགསེང་གེ་དཀར་མོའི་འོ་མ་བླུགལེབ་རྒན་འབར་བའི་སྒྲོན་མེ་སྤར་བ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས།དེ་འོག་ཁྱུང་དཀར་ཐོག་ལ་འབར་གྱིས་{ངང་སྐྱའི་ཁྱུང་རྫོང་དུ་}འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་དུ།བདེ་བར་གཤེགས་པའི་སྐུ་བརྒྱ་རྩ་བརྒྱད་བཞེངས་པའི་མདུན་དུ་གསེར་གྱི་མནྜལ་ལ་གཡུ་ཡི་ཚོམ་བུར་བཀོད་པ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས།དེ་འོག་ཁྱུང་ནག་མུ་(དམུ་)ཁྱུང་རྒྱལ་གྱི་གདན་ས་{གསང་བྲག་རིན་ཆེན་ཁྱུང་རྫོང་དུ་}དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་དུ།གཞི་མ་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་འབུམ་ཆེན་བརྒྱ་རྩ་བརྒྱད་བཞེངས་པའི་མདུན་དུ།མུ་མེན་གྱི་ཏིང་ཕོར་ཤེལ་གྱི་(མཉྗིའི)མན་ཇུའི་ཁ་ལ་བཏེགས་ནས་རིན་པོ་ཆེས་བཀང་བ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས།དེ་ལྟར་སྒོ་ང་ལས་འཁྲུངས་པའི་ཁྱེའུ་དེ་རྣམས་ཚེ་ཡི་རིག་འཛིན་གྲུབ་པས་ཞང་ཞུང་དང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་མཛད་དེ་བཞུགས།
       
གྲི་གུམ་གྱིས་བོན་བསྣུབས་རྗེས་སྲས་སྤུ་སྡེས་ལྷ་ཁྱུང་རྒྱལ་(དང་)མུ་(དམུ་)ཁྱུང་རྒྱལ་སོགས་གདན་དྲངས་ཏེ་བོན་བསྟན་རྒྱ་ཆེར་སྤེལ་ལོ།མུ་(དམུ་)ཁྱུང་རྒྱལ་གྱི་སྲས་སྟག་སྒྲ་དུན་གཙུག་ནི་མཁས་གྲུབ་རིག་འཛིན་གྲུབ།དཔལ་གྱི་གིར་ཏི་ནི་མཆོག་ཐོབ་སེམས་དཔར་གྱུར། ཁྱུང་བཟའ་གར་དཔོན་ཁྱུང་ལུང་དངུལ་མཁར་ན།གཤོག་རྒྱས་མཁར་འཕུར་མཆོད་རྟེན་བརྒྱ་རྩ་སྤྲུལ།སྟག་སྒྲ་དུན་གཙུག་གི་སྲས་(གྱེར་)གྱ་ནམ་ཟུར་རྩེ།དེའི་སྲས་སྟོང་རྒྱུང་རིང་མོ་དང་ཁྱུང་རྒྱལ་སྟག་ལ་སྐྱེས།སྟོང་རྒྱུང་རིང་མོའི་སྲས་ཁྱུང་བསྒོམ་མུ་ལ་དང་ཁྱུང་འཕགས་ཁྲ་མོ།ཁྱུང་སྡེར་སྔོ་མོ་དང་གསུམ། ཁྱུང་སྒོམ་མུ་ལའི་སྲས་ཁུ་བྱུག་པ་ཡིན།དེའི་སྲས་སྟག་པ་དང་ཟུར་དཀར་བ་མདོ་བཀྲ་བ་དང་གསུམ་ཡིན། སྟག་པའི་སྲས་གྱིམ་ཚབ་ཡིན།དེའི་སྲས་སྟོན་པ་འབར་དང་དམ་པ་ཁྱུང་སྒོམ་དབེན་པ་ཨ་ལུག་ཆུང་བ་མཁས་པ་ཁྱུང་དབུས་དང་གསུམ་འཁྲུངས།སྟོན་པ་དཔལ་འབར་གྱི་སྲས་སྟོན་ཐར་ཡིན།སྟོན་ཐར་གྱི་སྲས་སྟོན་སྲས་ཁྱུང་དབུས་དམ་པ་བོན་བཀྲ་དཔོན་དགེ་དཔོན་དབུས་སྟོན་འབུམ་དང་དྲུག་ལ་མ་རྒྱ་མོ་ཡིན་པས་རྒྱ་ཚ་སྤུན་དྲུག་གྲགས།དམ་པ་བང་བཀྲ་ཆེར་སྐྱེས་ནས་གྲོང་པའི་སྐུ་འབུམ་བཞེངས་པ་ལ་རྟེན་བང་ཁྲ་མ་ཞེས་གྲགས།དཔོན་དགེ་དང་དཔོན་དབུས་ནི། སྟོད་འབྲི་གུང་ཛ་(ཇོ་)བདལ་ཕྱིན་ཆད་དང༌།སྨད་ཚ་བའི་ཁབ་སོ་ཡན་ཆད་ཀྱི་ས་སྡེ་ཡུལ་གཞིས་བདག་པོ་མཛད།ལྷ་ཆོས་པ་གསུམ་ནི་མཁས་བཙུན་དོན་དང་ལྡན། ཞུ་སྒྲོལ་བ་སོགས་མཁས་གྲུབ་བླ་མ་མང་པོ་མཇལ།ཁམས་ཆེན་ནག་ཕྲན་མ་སོགས་བཞེངས་ནས་འབྲི་བཞེངས་ཀྱི་སྲོལ་ཕྱེས།
      
ཁྱུང་དབུས་རིན་པོ་ཆེ་ལ་རྩལ་དང་མངོན་ཤེས་ལྡན་པའི་ལྷ་རྟ་ལྡིང་ཁྱུང་བྱ་བ་ཡོད།དེ་སྐབས་ཧོར་ཇི་གིར་རྒྱལ་པོས།མཇང་དང་མེ་ཉག་བོད་ལ་སོགས་ཡུལ་ཁམས་མང་པོར་དམག་རྒྱབ་ནས་རྒྱལ་ཁྲིམས་བཙུག་པའི་དུས་ཡིན་པས།བོད་ཀྱི་བོན་པོ་ལ་ཡང་དོན་ཡོད་ལས་འཛིན་ཉི་ཤུ་རྩ་གཅིག་བྱུང་ནས།གཙོ་བོ་ཁྱུང་དཔོན་དགེ་དང་དཔོན་དབུས།བྲུ་ཞུ་སྤ་རྨེའུ་གཤེན་ལས་སོགས་ཀྱིས་མདོ་དབུས་ཁམས་གསུམ་དུ་བོན་གྱི་བསྟན་པ་སྤེལ་ཆོག་པའི་གནང་བ་ཐོབ་པ་མ་ཚད།ཁྱུང་པོའི་དཔོན་དགེ་སོགས་བོན་པོའི་བླ་དཔོན་རྣམས་ལ་མངའ་འབངས་རྒྱ་ཆེན་པོ་ཡང་ཕུལ་ལོ།ཆེ་བ་སྟོན་སྲས་ལ་སྟག་ལུང་བཟའ་བླང་བའི་སྲས་ཁྱུང་ཨ་བླ་རབ་བྱུང་བཞི་པའི་མེ་གླང་(༡༢༡༧)ལོར་འཁྲུངས།དེ་རྗེས་སྔོན་ཚེ་སྟོན་རྒྱུང་(གིས་)ཀླུ་སྲིན་བསྒྲལ་བའི་རྣམ་ཤེས་སོག་པོའི་མི་ཆེན་(དོར་ཏོ་)དོར་ཏ་དང་(ཡེ་ཏོར་)ཡེ་ཏར་གཉིས་སུ་སྐྱེས།སྟོན་རྒྱུང་སྐུ་གཉིས་སྣངས་སུ་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ལ་སྲོག་གི་ལན་ཆགས་ཡོད་པ་དང༌།འཕྲལ་རྐྱེན་མདོ་སྨད་ནས་ཡར་ཁྲིད་པའི་མི་སྡེ་ཁྲོམ་ཚང་ཤོག་ཁའི་སྤྲང་འཁྱམས་པ་ཨ་ལྡི་བྱ་བས་ཁྱུང་པོའི་ཁྱི་བརྡུངས།ཁྱུང་པོའི་གྲྭ་པ་ཁ་ཤས་ཀྱིས་སྤྲང་པོ་བརྡུངས་བས།ཕྱིས་ཁོས་སོག་པོའི་གསེར་ཡིག་དང་དངུལ་(ཡ)བྲེ་ཁྱི་གུ་གསེར་མཆུ་ཅན་བྲི་ཁྱི་བཅས་རྐུས་ནས་ཁྱུང་པོའི་རྟ་རའི་ནང་དུ་སྦས། ཁོ་རང་ལོགས་སུ་བྲོས།སོག་པོ་ལ་གསེར་ཡིག་ཁྱུང་པོས་བརྐུས་འདུག་ཅེས་བཤད་པས།དེ་སྔོན་སོག་པོས་ཁྱུང་པོའི་མངའ་ཁུལ་ལ་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་ཁྲལ་དང་འུ་ལག་ཤུགས་ཆེན་བསྐུལ་བ་ཁ་ཤས་མ་འབྱོར།ཁོང་ཁྲོ་བ་དང་ཁྱུང་པོའི་མངའ་ཐང་རྒྱས་པ་རྩ་མེད་བཟོ་འདོད་སྔར་ནས་ཡོད་པའི་རྐྱེན་བྱས།ད་ལྟ་དེ་རྙེད་ནས་སོག་པོའི་དམག་དཔོན་དོར་ཏོ་དང་ཡེ་ཏོར་གྱིས་དམག་ཕང་ཆེན་བཏང་ནས་ཁྱུང་དཔོན་དགེ་དང་དཔོན་དབུས་མཐའ་བསྐོར་ནས་ཞི་ཐབས་དང་ནང་གྲོས་བཤགས་པ་སོགས་གོང་ལ་ངོ་མ་བལྟས་པར་བསྒྲོན།ཁོང་གཉིས་བསྒྲོན་པའི་ནང་མོ་རྒྱ་ཚ་སྤུན་དྲུག་(གི)ཆུང་བ་སྟོན་འབར་སྲས་གཡོག་མོ་ནང་ཆེན་ཨ་མཚོ་བཟའ་ལ་ཆུ་རྟ་ལོར།ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས། ཁྱུང་པོ་ཚོ་གཅིག་གིས་ཁུར་ནས་ནང་ཆེན་ལ་བྲོས།སྟོན་འབར་སྲས་ཁྱུང་རྒྱལ་དང་བསོད་འབར་སོགས་ཁྱུང་པོ་མང་རབས་གཅིག་འབྲི་གུང་ཅུང་རིན་པོ་ཆེར་སྐྱབས་བཅོལ་བར་བྲོས།ཡང་སོག་པོའི་དམག་ཚན་ཆེ་བ་གཅིག་གིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དེད་པས།ཁྱུང་དབུས་རིན་པོ་ཆེས་རྟ་རྗེ་ལྡིང་ཁྱུང་ལ་བཅིབས་ནས་ལྷོ་རྔུལ་ཆུ་རྒྱུད་ལ་བྲོས་ཏེ།ནགས་ཚལ་གསེབ་ཏུ་བྲག་དཀར་པོ་ཞིག་གི་རྩེར་ཕེབས་པས་སོག་པོའི་དམག་གིས་མ་ཕེགས་སོ།སོག་པོས་ཆུ་བཀགས་ཀྱང་ཁྱུང་དབུས་རིན་པོ་ཆེས་སྦ་དབྱུག་བྲག་ལ་ཟུག་པའི་བཏོན་ཤུལ་ལས་ཆུ་རྡོལ་བས་ཡུན་རིང་བཞུགས་པའི་ཁྱུང་དབུས་རྫོང་དུ་གྲགས་སོ།དེ་རྗེས་བོན་རྗེ་ཐོད་དཀར་ཟེར་སར་ཁང་པ་གཅིག་ཕུབ་(ནས་)དེར་བཞུགས་དགོངས་ཀྱང༌།བན་དེ་རྣམས་ཀྱིས་ཁོང་དེ་ནས་ཕུད།ཁང་པ་དེ་མེ་ལ་རྒྱབ་པས་དེར་ཁྱུང་དབུས་ལུང་དུ་གྲགས་སོ།དེ་ནས་བན་དགོན་དེ་ཡི་ཕར་ངོས་ཉེ་སར་བྲག་ཕུག་ཆུང་ངུའི་ནང་ལ་རྒྱུན་རིང་བཞུགས།བན་བཙུན་རྣམས་ཀྱིས་བཤགས་པ་ཕུལ་ནས་ཞབས་ཏོག་བསྒྲུབ།ཁོང་གིས་བན་དེ་རྣམས་ལ་འབྲུ་ཁལ་བརྒྱའི་ཆང་ངས་བཏུང་ཐུབ་གསུང༌།ཨེ་བདེན་སྙམ་ནས་དྲོངས་པས་ལྷག་མེད་གསོལ།འཁོར་རྣམས་ལ་ང་ཡི་ཕུང་པོ་རྟ་རྗེ་ལ་ཁོལ་ཏེ་གར་མོས་སུ་ཐོངས།རྟ་རྗེ་གར་ཉལ་ན་དེ་རུ་གདུང་བཞུས།དེ་ནས་རྟ་རྗེ་འབྲི་གུང་ལ་ཕུལ་ཞེས་གསུངས་ནས་ཐོ་རངས་ལ་འདས།ཕུག་པ་དེར་ཁྱུང་དབུས་ཕུག་ཏུ་གྲགས་སོ།སོག་པོའི་དམག་དཔུང་གིས་ཁྱུང་པོའི་བླ་དཔོན་རྣམས་བསད་བཅོམ་འཕྲོག་གསུམ་བྱས།མངའ་འབངས་མི་སེར་གྱི་འགོ་པ་རྒྱ་གཙུག་གཏོར་ཉི་གྲགས་ཞེས་པ་བསྐོས་ཏེ་ཁྲལ་དང་འུ་ལག་བསྡུ་མི་བྱས་སོ།ནང་ཆེན་གྲགས་པ་ཡུམ་དང་བཅས་ཁྱུང་པོ་མང་རབས་ཤིག་ནང་ཆེན་སོགས་ལ་ངེས་མེད་ཡུལ་བྱོལ་མཛད་མཐར།རག་ཐག་བསྐོར་དུ་ཕེབས། དེ་ནས་ཞུ་རི་ཞིང་དུ་ཕེབས་ནས་བཙུན་པ་མཛད།དེ་སྐབས་སྲིད་རྒྱལ་དྲེའུ་དམར་མོས་ལུང་བསྟན་འདི་ལྟར་གནང་བ་སྟེ།དབྲ་རྒྱལ་ཁྱུང་པོའི་རྒྱུད་འཛིན་པ། མདོ་ཁམས་སྨད་དུ་ཕེབས་པར་གྱིས།བསྟན་པ་ཉི་ཟླ་འཆར་ནུབ་དེ། དོ་དགོང་འགྲིབ་ཀྱང་སང་ཉིན་འཆར།སུམ་གླང་གྱིམ་ཤོད་དངུལ་རྫའི་གནས། ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན།གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ། ཁྱུང་པོ་ཆགས་པའི་གདན་ས་ཡོད།ས་ཕྱོགས་དེ་རུ་ཕེབས་པར་གྱིས། ཞེས་ལུང་བསྟན་པ་ལྟར་གྱི་གྱིམ་ཤོད་ཕེབས་དུས།རྒྱ་རྗེ་ཉི་མ་འབྲུག་གྲགས་ནས་ཆིབས་བསུ་དང་དགའ་སྟོན་བྱས།རྒྱ་ཡི་མངའ་ཁུལ་གྱི་མི་སྡེ་ཡོངས་རྫོགས་ཁྱུང་པོར་ཕུལ་ནས་གདན་ས་བརྗེ་ལེན་བྱས།རྒྱ་རྗེ་འཁོར་དང་བཅས་པ་རྒྱ་ཡུལ་དུ་སོང༌།དེར་ནང་ཆེན་གྲགས་པའི་(པས་)གདན་ས་རྩིས་ལེན་མཛད།དེར་འཁོར་རྣམས་ཀྱིས་ནང་ཆེན་གྲགས་པ་ལ་ལྕམ་བཞེས་དགོས་ཞུས།ངས་ཁྱིམ་ཐབས་མི་བྱེད་ལྷ་ཆོས་བྱེད་དགོས་གསུངས།དེར་ཁྱུང་པོའི་གཙོ་བློན་རྣམས་ཀྱིས་མི་རྒྱུད་ཆད་དྭོགས་ནས།འདན་བཟའ་ཆེ་བ་མནའ་མ་བསུས་ཡོང་བས། ནང་ཆེན་གྲགས་པ་ཐུགས་ཤིན་ཏུ་མུག་སྟེ།ངས་ཅིས་ཀྱང་ལྷ་ཆོས་ཞིག་བྱེད་དགོས།ཁྱེད་རྣམས་ཁྱུང་པོའི་མི་རྒྱུད་ལ་དེ་ཙམ་གཅེས་ན་ཨ་བླ་འཚོལ་བར་སོག་པོར་སོང་དང༌།སོག་པོས་ད་རུང་མ་བསད་པ་ཡོད་སྲིད་གསུངས་པས།ཨ་བླ་ཆུང་དུས་ཀྱི་བུ་རྫི་ནག་སོང་ཞིག་(བུད་མེད་ལ་གོ་)ལ་ནང་ཆེན་གྲགས་པའི་ཕྱག་གྲི་ཡུ་དཀར་མ་དེ་བསྐུར་ནས་འབངས་མི་གཉིས་ཁོང་གསུམ་སོག་པོར་སོང༌།ཐད་ཞིག་ན་རྟ་ཁྱུ་གཅིག་རྩར་མི་གཅིག་གློ་ཉལ་བྱས་ནས་སྣང་བ་ལ།ཁྱེད་ཀྱིས་བོད་སྐད་ཨི་ཤེས། འདི་ན་ཁྱུང་པོ་ཨ་བླ་ཨི་ཡོད་དྲིས་པས་ཨ་བླ་ང་ཡིན་ཟེར།ཕྱག་རྟགས་བསྟན་པས་ངའི་ཡབ་ཀྱི་གྲི་རེད་ཟེར།བུ་རྫིའི་ལྟས་པས་ཆུང་དུས་ཐོད་པ་ལ་སྨེ་བ་ཆུང་ངུ་ཞིག་ཡོད་པ་(ཆེར་)སྐྱེས་ནས་སྣང༌།ཨ་བླས་ན་རེ།བུ་རྫི་ལ་ཁྱོད་ང་ལ་(ཡ)ཁེམ་དམར་པོ་ར་ཁམ་སྤྲོད་མཁན་དེ་རེད་ཟེར་ནས་ཕན་ཚུན་ངོ་འཕྲོད་དོ།དེ་ནས་ཨ་མདོ་སྣང་ཞིག་རྒྱལ་བུ་ལ་སོགས་མཐུན་ཕྱོགས་རྣམས་ཀྱིས་གྲོགས་བྱས།ཧོར་གྱི་རྒྱལ་པོ་ལ་ལུང་ཞུས་ནས་གཟི་ཡི་མ་གཡོ་ག་པ་ནས་ཚ་བེ་ཁྲོམ་ཚང་(ཡ)གིས་ཚུར་བསུས་རྒྱུད་ཚུར་བསྡུས།དགུང་ལོ་དྲུག་ནས་སོག་པོས་ཁྱེར། མི་ལོ་བཅུ་གསུམ་རིང་སོག་པོར་ལུས།དགུང་ལོ་བཅོ་བརྒྱད་སྐབས་སོག་ཡུལ་ནས་ཐོན་ཏེ་རག་ཐག་སྐོར་དུ་ཚུར་ཕེབས།
      
ནང་ཆེན་གྲགས་པ་ཞུ་རི་ཞིང་དུ་ལན་གསུམ་བྱོན། མཁས་པར་བློ་སྦྱོང་བཙུན་པར་ཁྲིམས་བསྲུང་།སྲུང་བའི་གཤེན་བཞི། བླ་མཆོད་ཁག་བཞི། སྔགས་པ་ཁག་བཞི། ཐུགས་ཀྱི་སྲས་བཞི།དཀོན་མཆོག་རུ་བཞི། སྡེ་བ་ཡ་བཞི།ཁྲ་སྐྱ་སྐོར་གསུམ་ལས་སོགས་བསྟན་འཛིན་དུ་མའི་མངའ་བདག་ཏུ་གྱུར་ཏོ།དེ་རྗེས་ཧོར་སེ་ཆེན་རྒྱལ་པོས་ནང་ཆེན་གྲགས་པ་ལ། སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད།སྨད་ཚ་བའི་ཁབ་སོ་ཡན་ཆད་ཀྱི་ཡུལ་སྡེའི་ཐོབ་ཁྲལ་གང་ཡོད་དེ་དབང་ཡོན་དུ་ཕུལ་ཞིང༌།བོད་རྒྱ་སོག་གསུམ་གང་གིས་ཀྱང་མངའ་དབང་བསྒྱུར་དུ་མེད་པའི་བཀའ་ཤོག་དང་ལས་ཆེན་ཤེལ་གྱི་ཐམ་ཀ།བ་སོའི་ཐིས་དམར་ཐབ་བརྫི། བསྟན་ཤེད་བསྐྱེད་པའི་འཇའ་ས། (ཆབ་ཤོག་ལ་ཟེར་)གསེར་སྒྲོན་འདེགས་བྱེད་ཀྱི་འཇའ་ལྕེ། (བཀའ་ཤོག་གམ་བཀའ་རྟེན་ཡིག་རིགས།)རྟ་མགོ་ནོར་བུ་གཅིག་པ། གནམ་དོན་ཡོད་ཀྱི་ལས་བསྐོས། ས་དོན་ཡོད་ཀྱི་ལས་བསྐོས།ཆེན་པོ་དོན་ཡོད་ཀྱི་ལས་བསྐོས། མང་པོ་དོན་ཡོད་ཀྱི་ལས་བསྐོས་དེ་རྣམས་བསྐོས།ཟོན་བུ་ཟེར་བའི་བོད་ཀྱི་མི་དཔོན་རྣམས་ཀྱིས་མདོ་ཁམས་སྤྱི་ཡི་བླ་མཆོད་དུ་བཏེགས་ནས།ཚོ་བའི་མི་སྡེ་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཏེ། ཞྭ་དཀར་མོ་ཅན་གྱི་ཁྲིམས་སྒོ་ཕྱེས།ཞྭ་ལྕགས་གཉིས་ཀྱི་འགྲོ་ལམ་ཕྱེས། ཧོར་ལ་ངོ་ཆེ། བོད་ལ་དྲིན་ཆེའོ་ཞེས་སོ།།
       
དེར་ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་ལ་འབངས་དང་མི་སྡེ་དགོས་པ་མི་ཆེ་བས་མཆེད་ཟླ་ཁྱུང་ཨ་བླ་སྡེ་དཔོན་དུ་བསྐོས།ཨ་བླ་ལ་སོག་པོར་སྲས་གཅིག་དང་ཁྱུང་ཡུལ་ལ་སྲས་ལྔ་ཡོད་དོ།ལྕམ་སྟག་བཟའ་ལ་སྲས་ཆེ་བ་བླ་ཆུང་བློ་གྲོས་རྒྱལ་མཚན་རབ་བྱུང་ལྔ་པའི་ས་འབྲུག་ལོར་སྐུ་འཁྲུངས།བསླབ་གསུམ་རྣམ་པར་དག་ཅིང་ཡིད་དམ་ལྷ་ཡི་ཞལ་མཇལ་བ་སྡེ་སྣོད་གཞུང་ལུགས་ཀུན་ལ་མཁས་པ་དེས་གླིང་གཞི་བསྟན་པའི་བྱུང་ཁུངས་དང༌།དབྲ་དཀར་ཁྱུང་པོའི་གདུང་རབས་གཤེན་ཀླུ་དགའི་རྣམ་ཐར་སོགས་བཀའ་བརྟེན་མང་དུ་བརྩམས་ནས་དགུང་ལོ་སོ་བདུན་ལ་འདས།ལྷ་གདོང་བཟའ་ལ་ལེགས་པ་རྒྱལ་མཚན་ལྕགས་བྱི་ལ་འཁྲུངས།རབ་ཏུ་བྱུང་ནས་རི་ཞིང་བཞུགས་ནས་དེ་རུ་འདས།འདན་བཟའ་ཆེ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ཁྱུང་ཞིག་ཡེ་རྒྱལ་ས་འབྲུག་ལ་འཁྲུངས།རབ་ཏུ་བྱུང་བས་མཐུ་བྱིན་ཤིན་ཏུ་ཆེ། དེ་འོག་དབང་རྒྱལ་གྲུབ་ཤིང་འབྲུག་ལ་འཁྲུངས།ཆུང་ནས་སྐྱེས་སྦྱོང་གི་ཡོན་ཏན་དང་རྣམ་དཔྱོད་ཤིན་ཏུ་མཁས།དཔའ་རྩལ་དང་གཟི་བརྗིད་(གཞན་)ལས་ལྷགལྕམ་གསེར་རོང་ཚབ་གསུམ་གྱི་སྲས་མོ་བཞེས་པ་ལས་སྲས་དྲུག་འཁྲུངས་སོ།དེ་འོག་ནང་པ་བྱང་ཤེས་ཤིང་སྟག་ལ་འཁྲུངས།ཆུང་ནས་བྱམས་དང་སྙིང་རྗེ་ཆེ་ལ་རྒན་བཀུར་གཞོན་གཅེས་ཀྱི་སེམས་དང་ལྡན།རིག་པའི་གནས་ལྔ་ལ་ཤེས་རབ་ཀྱི་ཡོན་ཏན་རྒྱས། སྟོབས་ཤུགས་དྲག་རྩལ་འགྲན་ཟླ་བྲལ།ཁྱུང་པོའི་མངའ་དབང་ཁྱབ་པའི་འབངས་དང་དེ་མིན་བླ་མའི་གདུལ་ཞིང་ཡོན་བདག་ཏུ་གྱུར་ནས་འབངས་མི་བྱས་པས་ཁྱུང་པོའི་མངའ་དབང་ཤིན་ཏུ་རྒྱ་ཆེན་པོ་ཡོད་ཀྱང༌ཁོང་གིས་ད་རུང་ཁྱུང་པོའི་མངའ་ཁོངས་རྒྱ་བསྐྱེད་དེ་འབངས་སུ་མ་འདུས་པ་མང་པོ་སྟོབས་ཤུགས་དང་དྲག་པོའི་སྒོ་ནས་ཚར་བཅད་དོ།སྟོད་ནག་ཚང་དང་འབྲི་གུང་ཇོ་བདལ། སྨད་ཚ་བའི་ཁབ་སོ་ཡན་དང༌།ནང་ཆེན་འདམ་ཆུ་སོགས་ཡུལ་ལུང་མང་པོ་མངའ་འོག་ཏུ་བཅུག་གོ།སྤྱིར་ན་ཁྱུང་པོའི་མཁར་རྫོང་དང་སྒར་ས་དགོན་གནས་སོགས་ཤིན་ཏུ་མང་ལ་བཞུགས་ས་མ་ངེས་ཤིང༌།
      
ཁྱུང་ཨ་བླ་དང་ནང་པ་བྱང་ཤེས་གཉིས་ཁྱུང་པོ་ཡོངས་ཀྱི་དཔོན་པོ་མཛད་ཅིང་བཞུགས་ས་ཤས་ཆེར་ཝེར་རོ་ར་ཙ་རྫོང་འགོ་རུ་བཞུགས་པའོ།ནང་པ་བྱང་ཤེས་ཀྱི་ལྕམ་བཞི། སྲས་བདུན་ཡོད་པ་ལས་ཧོར་མོའི་སྲས་གསུམ་ནི། ནང་པ་གྲགས་འོད།ཨ་དབང་པ། ཚེ་དབང་པ་བཅས་གསུམ། ནག་རུའི་མགོན་ནེ་བཟའ་ལ་སྲས་ཨ་ལུག་ཡང་ཟེར།ཨ་རྒྱལ་བསོད་ནམས་དང་འཚམ་བཟའ་ལ་ནང་པ་ཚུལ་ཁྲིམས་རྒྱལ་མཚན།སྟ་བར་བཟའ་ལ་ལྷུན་གྲུབ་རྒྱལ་མཚན་བཅས་འཁྲུངས་སོ།དབང་རྒྱལ་གྲུབ་ཀྱི་སྲས་རོང་མོ་ཨ་མཚོ་བཟའ་ལ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་དང༌།དྲུང་ཆེ་ནམ་མཁའ་རྒྱལ་མཚན་གཉིས་འཁྲུངས་བཙུན་པ་མཛད།དཀར་རུ་རང་མོ་བཟའ་ཡི་སྲས་འབྲིང་བ་དཔོན་ཚང་རྒྱལ་བ་གྲུབ་ནི་ཁྱུང་པོ་ཡོངས་ཀྱི་བླ་དཔོན་གྱི་ཐོབ་ཐང་དང་དོན་ཡོད་ལས་འཛིན་ལ་བསྐོས།སྐྱེས་ཐོབ་གྱི་རིག་རྩལ་དང་ལྡན་ཞིང༌། སྦྱོང་ཐོབ་ཀྱི་ཡོན་ཏན་རྒྱ་ཆེར་མངའ།མ་ཡུམ་སྟེང་ཆེན་དཀར་རུ་ནས་ཡིན་པས་ཕྱིས་སྟེང་ཆེན་བཞུགས།ལྕམ་སྤར་གཡག་བཟའ་བཞེས་པ་ལ་སྲས་ཆེ་བ་བློ་གྲོས་རྒྱལ་མཚན།དེ་འོག་དབང་ཆེན་རྩེ་ཆུང་བ་ལྷ་རྒྱལ་ཐར་དང་གསུམ་མོ།ཡང་དབང་རྒྱལ་གྲུབ་ཀྱི་ལྕམ་གསེར་རྩ་སྐྱེས་སྲས་ཀྱི་བུ་མོ་ལྷ་མོ་མཚོ་སྐྱིད་ལ་སྲས་ཤེས་རབ་རྒྱལ་མཚན་འཁྲུངས།མཚན་དཔེ་གཟི་བརྗིད་དང་ལྡན་ཞིང་རིག་པའི་གནས་ལྔ་ལ་མཁས།ཡུམ་གསེར་རྩ་བྱ་ཟེ་ནས་ཡིན་པས་ཤས་ཆེར་བྱ་ཟེ་ལ་བཞུགས།ལྕམ་གཅང་བཟའ་བཞེས་པའི་སྲས་ཆེ་བ་བསོད་ནམས་སེང་གེ། དེ་འོག་རྒྱལ་མཚན་རྩེ།ཡང་ལྕམ་ཚབ་བཟའ་ལ་བསོད་ནམས་དབང་ཕྱུག་དང་གསུམ་འཁྲུངས་སོ།ཡང་དབང་རྒྱལ་གྲུབ་ཀྱི་ལྕམ་ཚབ་ཤི་བཟའ་བཀའ་མཚོ་ལ་སྲས་ཆེ་བ་དཔལ་ལྡན།དེ་འོག་དབང་འབུམ་པ་གཉིས་ནི་ཡུམ་དམ་ཆུ་ཡིན་པས་འདམ་བརྒྱུད་དུ་བཞུགས་ནས།དཔལ་ལྡན་བའི་ལྕམ་གཞི་བཟའ་ལ་བློ་གྲོས་དཔལ་འཁྲུངས།དབང་འབུམ་པའི་ལྕམ་རོང་བཟའ་ལ་འདུལ་བ་རྒྱལ་མཚན་འཁྲུངས་བཙུན་པ་མཛད།ཡང་གཡུ་བཟའ་ལ་སྲས་ཆེ་བ་ཨ་རྩེ་འཁྲུངས།ཡང་ཨ་བླའི་སྲས་ནང་པ་བྱང་ཤེས་(དང)ཀྱིས་ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་ཀྱི་སྲས་ཨ་རྒྱལ་བསོད་ནམས་ནི་ཆུང་ནས་རིག་པའི་གནས་ལྔ་ལ་སྦྱོང་བརྩོན་དང་ཡིད་དམ་དབལ་གསས་ཐུགས་དམ་མཛད་ནས་བསྙེན་སྒྲུབ་ཚད་དུ་འཁྱོལ།སྲུང་མ་བྲག་བཙན་དམར་པོ་བྲན་དུ་འཁོར། ཡ་རབ་དམ་པའི་མཛད་སྤྱོད་རང་བཞིན་དུ་མངའ།ཡབ་མྱེས་གོང་མའི་མཛད་སྤྱོད་དང་མཐུན་པར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་མཛད།ཡུམ་ནག་རུ་ཡིན་པས་ཤས་ཆེར་ནག་རུ་ལ་བཞུགས་ཏེ་ལྕམ་ཞུ་བཟའ་བསྒྲོན་དཀར་བཞེས་པའི་སྲས་ཆེ་བ་ནང་པ་བློ་གྲོས་བཟང་པོ་རབ་བྱུང་བཙུན་པ་ཡིན།དེ་འོག་ཁྲོ་རྒྱལ་སྨོན་ལམ་བཅས་འཁྲུངས་སོ།དེ་ལྟར་ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་བླ་བརྒྱུད་བྱོན་ཚུལ་ལོ།།
       
འདི་ནས་ཁྱུང་པོའི་བླ་དཔོན་རྣམས་ཀྱི་མངའ་དབང་ས་ཆ་དང་མི་སྡེ་རྣམས་རིས་སུ་བཅད་དེ་ཤོག་ཁ་བྱེ་ནས་ཁྱུང་པོའི་སྟོབས་ཤུགས་ཉམས་རྒུད་སོང་ཚུལ་དང་ཁྱུང་དཀར་ནག་སེར་གསུམ་གྱི་གདུང་རབས་བླ་རྒྱུད་འཁྲུངས་ཚུལ་ལ།ཁྱུང་དཀར་ནག་སེར་གསུམ་ཚབ་ཚ་བཅས་ཤོག་ཁ་བཞི་དང་།དེ་རྗེས་བྱང་རྩེ་སྒང་སྤུ་ལ་ཁ་ཡི་གདུང་རྒྱུད་བཅས་རུ་ཤོག་ལྔ་བྱུང་བས་སྤྱིར་གདུང་རྒྱུད་གཅིག་ཀྱང༌།མངའ་འབངས་མི་སྡེ་དང་རུ་ཤོག་ས་ཡི་མིང་དེ་དཔོན་ལ་ཐོགས། དཔོན་མིང་རུས་ལ་ཐོགས་པ་ཡིན་ཏེ།དཔོན་ཚང་རྒྱལ་བ་གྲུབ་ཀྱི་ཡུམ་དཀར་རུ་དང་བཞུགས་ས་སྟེང་ཆེན་ཁྱུང་པོ་ཡིན་པས་ཁྱུང་དཀར་དང༌།ཤེས་རབ་རྒྱལ་མཚན་གྱི་ཡུམ་གསེར་རྩ་དང་བཞུགས་ས་བྱ་ཟེ་ཡིན་པས་ཁྱུང་སེར་དང༌།ཨ་རྒྱལ་བསོད་ནམས་གྱི་ཡུམ་ནག་རུ་དང་བཞུགས་ས་ཝེ་རོ་རྫོང་ཡིན་པས་ཁྱུང་ནག་སོགས་ཕྱིས་གདུང་རྒྱུད་ལ་དེ་ལྟར་འབོད་སྲོལ་ཆགས་སོ།དེ་ལྟར་བུ་སྤུན་རྣམས་ཀྱིས་དབང་བསྒྱུར་བའི་ས་ཆ་དང་མངའ་དབང་མི་སྡེ་རྣམས་ངེས་གཏན་ཆེར་མེད་ལ།སོ་སོའི་དགའ་ཕྱོགས་དང་དད་མོས་ཀྱི་སྒོ་ནས་ཁྲལ་དང་འུ་ལག་དང་གཏེ་འབུལ་བ་སོགས་བྱས།དེ་རྗེས་སྤུན་(རྣམས་)ལོ་རེ་བཞིན་ས་མཚམས་དང་སྡེ་འབངས་དོ་མི་སྙོམས་པའི་དབང་གིས་འཁྲུག་རྩོད་ཡང་ཡང་ཤོར་བའི་མཐར།ཁྱུང་པོའི་དཔོན་བླ་ཚང་མས་གྲོས་མོལ་ཡང་ཡང་བྱས་ནས་རྫོང་དང་མི་སྡེའི་ཆགས་ཚུལ་ལྷ་སྡེ་མང་མ་དེ་བཞིན་བཀོན་(བཀོད)གནས་བྱས་ཏེ།སྨད་རྒྱ་སྟོན་ལ་སྨད་ཤོག་དྲུག་དུ་ཕྱེས། སྡེ་དགེ་རུ་ལ་གཡས་རུ་དང་གཡོན་རུ་ཕྱེས།ཁྱུང་པོ་ལ་དཀར་ནག་སེར་གསུམ་རྒོད་ཚང་དང་དམ་ཆུ་བཅས་རུ་ཤོག་ལྔ་རུ་ཕྱེས།བགོས་འགོ་དེ་དཔོན་ཚང་རྒྱལ་བ་གྲུབ་ལ་གཏད། དཀར་རུའི་སྡེའི་ཚང་དགེ་རྒྱ་དམ་གསུམ།མ་རྗེས་ཕུག་གསུམ། དབེན་འབྲང་རྐྱང་གསུམ་བཅས་སྡེ་དུད་ལྔ་ཟུར་སུམ་ཆ་གཉིས་ཐེམ།ཤེས་རབ་རྒྱལ་མཚན་ལ་གསེར་རྩེའི་སྡེ་གསེར་གཞོང་ཡུལ་ཤོག་བཅོ་བརྒྱད་སོགས་ལྔ་(ཟུར)གཉིས་བཞགཨ་རྒྱལ་བསོད་ནམས་ལ་ཞང་མགོན་གཉིས། (ལྷོ་)ལྷ་བྱང་གཉིས་བཅས་ལྔ་ཟུར་ཚད་གཉིས་བཞགདཀར་རུ་ལ་བྱང་རི་ལུང་བརྒྱད། ཞེ་ཟམ་ཆུ་རྟ་ཟེར་རྨེ་ལུང་ཡར་ཐང༌། མར་ཐང་གྲོས་མདའ།ཕ་བོང་ཕན་ཆད། གམ་གྱི་སྡོད་མན་ཆད། ཟེ་མོ་སྒོང་གི་ཕར་བཅད་སོགས་བཞགགསེར་རྩ་ལ་རྔུལ་ཆུ་འདུས་སོའི་ཚུན་བཅད། ར་སྐྱེས་རྡོ་རྫོང་མན་ཆད།ས་ཤོད་དེལ་དམར་ཡན་ཆད། གམ་གྱི་མཚོ་གཉིས་ཚུར་བཅད།བྱང་འདམ་གྱི་རྒྱས་ཆེན་བཅོ་བརྒྱད་ཡན་ཆོད། སྤྱི་ཡི་བྲག་ལ་ཚུར་བཅད་བཞགནག་རུ་ལ་གྲེས་ཀྱི་ཕ་བོང་ཚུར་བཅད། ཀོ་མདའ་བྲེས་འཕོང་ཡན་ཆད། འགིས་བྲག་གཡུ་མཚོ་བར་ཆོད།རྟ་ཆུ་སྔོན་མོའི་ཚུར་བཅད། གས་ཕུ་ལ་དམར་མན་ཆད། ཀོ་མདའ་ཨ་རི་ཡན་ཆད་ཀྱི་ས་ཆ་དེ་བཞགགཞན་རྣམས་ལ་ཡང་ས་བགོས་སྡེ་བགོས་འཚམས་པར་བྱས།དཀར་ནག་གསེར་གསུམ་ས་བགོས་སྡེ་བགོས་བྱས་ཀྱང༌། རྟེན་བང་ཁྲ་མ་སྤྱི་ལ་བཞགས།དཀར་རུ་དཔོན་རོང་ཚང་རྒྱལ་བ་གྲུབ་ལ་སྲས་བཞི།དེ་ཚོའི་སྲས་རྒྱུད་ཤིན་ཏུ་མང་བས་གཙོས་ཆེར་བླ་མའི་གདན་ས་འཛིན་མཁན་དང་དཔོན་གྱི་ཐོབ་ཐང་ཡོད་མཁན་དེ་བཞིན་གདུང་རྒྱུད་མ་ཆད་པ་རྣམས་ལས་མ་བཀོད་དོ།།
       
རྒྱལ་བ་གྲུབ་ཀྱི་སྲས་ཆེ་འོག་དབང་ཆེན་རྩེ་ཡི་སྲས་བྱ་བཟའ་ལ་གཡུང་དྲུང་གྲགས་པ་དང་གྲགས་འབུམ་གཉིས།གཡུང་དྲུང་གྲགས་པའི་ལྕམ་བཞི་སྲས་ལྔ་ཡོད་པའི་ཆེ་བ་རིན་པོ་ཆེ་རྒྱལ་མཚན་དར་དང༌།དེ་འོག་རིན་པོ་ཆེ་གཡུང་དྲུང་རྒྱལ་མཚན་གཉིས་བཙུན་པ་མཛད།དེ་འོག་བློ་གྲོས་རྒྱལ་མཚོའི་སྲས་ཆེ་བ་རིན་ཆེན་རྒྱལ་མཚན་བཙུན་པ་ཡིན།དེ་འོག་དཔོན་ཚང་ཨ་མཆོག་གི་སྲས་ཆེ་བ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་བཙུན་པ་དང༌།ཆུང་བ་རྒྱལ་བ་གྲགས་ཀྱི་སྲས་ཆེ་བ་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་བཙུན་པ་ཡིན།ཆུང་བ་གཙོ་མཆོག་སྲུང་ལ་སྲས་གསུམ།ཆེ་བ་རིན་པོ་ཆེ་ལྷུན་གྲུབ་བསོད་ནམས་དབང་གི་རྒྱལ་མཚན་དང༌།ཁྱུང་ཆེན་ཡོན་ཏན་རིན་ཆེན་གཉིས་བཙུན་པ་ཡིན། ཆུང་བ་བཙན་རྒྱལ་གྲགས་པའི་སྲས་གསུམ།ཆེ་བ་རིན་པོ་ཆེ་དབང་གི་རྒྱལ་མཚན་དང༌།འབྲིང་བ་ལྷུན་གྲུབ་རྒྱལ་མཚན་གཉིས་བཙུན་པ་ཡིན་ཆུང་ནས་འདས།ཆུང་བ་དལ་འབྱོར་སྟག་བཙན་གྱིས་ལྕམ་གསུམ་བླངས་པས་སྲས་ཁ་ཤས་འཁྲུངས་པ་འདས།དེ་རྗེས་ཁོང་གི་སྲས་སེར་ཙའི་དཔོན་མོ་སྟག་ལུང་བོན་མོ་ལ་སྲས་གྲགས་པ་རྒྱལ་མཚན་འཁྲུངས་པ་ཕྱིས་སུ་དཀར་རུ་ཚང་ནས་རྒྱུ་ནོར་འབོར་ཆེན་གྱིས་བསླུས་ནས་མར་སྟེང་ཆེན་དུ་བསྡུས།གྲགས་པ་རྒྱལ་མཚན་གྱི་སྲས་དབང་རྒྱལ་གྲགས་པ།དེའི་སྲས་ཆེ་བ་བསྟན་པ་རབ་རྒྱས་བཙུན་པ་ཡིན།སྲས་འབྲིང་བ་ཁྱུང་པོ་ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས་ཡང་བཙུན་པ་མཛད།སྲས་ཆུང་བ་བཀྲ་ཤིས་བཟང་པོ་ལ་སྲས་གསུམ། ཆེ་བ་བཤེས་གཉེན་ནམ་མཁའ་གཡུང་དྲུང་བཙུན་པ་ཡིན།སྲས་འབྲིང་བ་རྒྱལ་བ་དོན་འགྲུབ། ཆུང་བ་ཨ་རྒོད་དང༌།དེ་རྗེས་དྲུང་ཆེ་ཀུན་དགའ་ཡེ་ཤེས་སོགས་རང་མོ་བཟའ་ཡི་སྲས་རྒྱུད་ཁྱུང་པོ་རང་ཚ་ཚང་བླ་དཔོན་གྱི་གདན་ས་འཛིན་མཁན་རིམ་པར་བྱོན་ནོ།ཁྱུང་སེར་བྱ་ཟེའི་གདན་ས་འཛིན་མཁན་དང་པོ་གསེར་པ་བཟའ་ཡི་སྲས་ཤེས་རབ་རྒྱལ་མཚན།དེའི་སྲས་གསུམ་ལས་ཆེ་བ་བསོད་ནམས་སེང་གེ་ལ་སྲས་དྲུག་ཡོད་པའི་གོ་ན་བཟའ་ལ་རྒྱལ་མཚན་འབུམ་དང༌།ཨ་འབེས་གཉིས། རང་མོ་ཆེ་བ་ལ་གྲགས་པ་འབུམ་དང༌། ྋནང་སོ་ཀུན་དགའ་རྒྱལ་མཚན་བཙུན་པ་ཡིན།རང་མོ་ཆུང་བ་ལ་འོད་ཟེར་སེང་གེ། ཨ་བཟའ་ལ་རྣལ་འབྱོར་སྐྱབས་བཅས་འཁྲུངས་སོ།དེ་དུས་མི་ངན་ཁ་གཅིག་གིས་གྲགས་པ་འབུམ་དང་ཨ་འབེས་གཉིས་བར་ལ་དབྱེན་བཅུག་བྱས་པས་ཁོང་སྐུ་མཆེད་གཉིས་འཁོན་འགྲས་ཆགས།གྲགས་པ་འབུམ་བློན་པོ་ཨ་མཇའ་དང་ཁྲ་རྒན་ཨ་ཚོ་གཉིས།རིས་སར་རུ་བ་དང་ཁྲོམ་ཚང་བཅས་ལ་གཏེ་སྡུད་དུ་བཏང་ཤུལ་དུ་ཁྱུང་སེ་(སེར་)ཨ་འབེས་ཀྱི་བློན་པོ་ཉི་མ་དང་མང་བརྟེན།རྒྱ་ཁུ་བཅས་ཀྱི་དཔོན་བློན་ཚ་ཞང་རྣམས་གྲོགས་བསྒྲིགས་ནས་གྲགས་པ་འབུམ་ལ་དགྱེས་རག་དྲོང་ནས་ནམ་གུང་དུ་འཛམ་པ་ཨ་སྡི་དང་ནག་རུའི་རྩིས་ཁ་གཉིས་(བྱེས་)བྱས་འདབས་སུ་བཏང་ནས།གྲགས་པ་འབུམ་གྱི་མིག་གཉིས་བྲུས་ཤིག་བྱས་པས།དེ་གཉིས་ཀྱིས་ལགས་སོ་ཞུས་ཀྱང་ཤ་ཚ་ནས་གྲགས་པ་འབུམ་གྱི་མིག་མ་བྲུས་པར་ཁྱི་འཁྱམས་དམར་པོ་ཞིག་གི་མིག་བྲུས་ནས་ཨ་འབེས་ལ་ཕུལ།གྲགས་པ་འབུམ་ལོང་ར་རྒྱབ་ནས་སྡད། བློན་ཁྲ་རྒན་ཚུར་འཁོར་སྐབས་ལ་སྡེ་ཉི་(མིས་)སྨྲས་པ།ཁར་སེང་གྲགས་པ་འབུམ་གྱི་སྤྱན་དེ་བྲུས་ནས་ད་ཁྱེད་རང་ཡང་གསོད་གྲབས་ཡོད་པར་ཐོས་ཟེར་བས།བློན་ཁྲ་རྒན་གྱིས་གོས་དམར་པོ་དེ་ཕུད་ནས་རྒན་མོ་ལ་སྟེར། དེ་ནས་ཕྱིར་བྲོས་སོང་བས།ཁྲབ་གོན་བཅོ་ལྔས་རྗེས་དེད་ནས་བྱུང་བས།ཁྲ་རྒན་གྱིས་མདའ་འཕང་ནས་མི་གསུམ་མ་གཏོགས་ཚང་མ་བསད་ནས་གོ་འཇོ་ལ་བྲོས་སོང༌།ཨ་འབེས་ཀྱི་བློན་རི་ར་མས་འོད་ཟེར་སེང་གེ་ལ་མགོ་གཡོག་ནས་གསོག་ཕུག་ཏུ་བཞུགས་བཅོལ།དེ་རྗེས་གྲགས་པ་འབུམ་ནི་གསང་སྟབས་ཀྱིས་བྲོས་ནས་སྟེང་ཆེན་དཀར་རུ་ཚང་ལ་ཞག་ཤས་བཞུགས།དེ་སྐབས་བློན་ཁྲ་རྒན་ཨག་ཙོའི་ཞང་པོ་གོ་འཇོ་ཚང་ནས་དམག་སུམ་ཅུ་སྐོར་ཁྲིད་ནས་སླེབས་པས།གྲགས་པ་འབུམ་གྱིས་མི་སྲོག་གཅོད་མི་རུང༌།དེ་མིན་སྤུན་ཨ་འབེས་ལ་ཅི་དགོས་ཁྱེད་རང་ཤེས་ཟེར་ནས་ཡར་སྔོན་ལ་བཏོང༌།དེ་སྐབས་ཨ་འབེས་ཡང་བྱ་ཟེར་བཞུགས་མ་ཕོད་པར།ག་རེ་དང་གདོང་རེ་རྒྱུད་ལ་བསྡད་པའི་བློན་ཁྲ་རྒན་གྱིས་བཙེར་གྱི་བཟུང་ནས་མིག་བྲུས་སོ།གྲགས་པ་འབུམ་གྱིས་ཨ་འབེས་ཀྱི་གཏེ་ཕྲལ་གང་ཡོད་འོད་ཟེར་སེང་གེ་ལ་གནང༌།སྒར་ཁང་ཤ་བ་ཡུ་མོ་རྫོང་ཞེས་པར་བཞུགས། གྲགས་པ་འབུམ་གྱི་སྲས་ཨ་འབུམ། ཨ་གྲགས།ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་དང་གསུམ། ཨ་གྲགས་ཀྱི་སྲས་ཆེ་བ་གེ་འབུམ་དང༌།ཆུང་བ་ནང་སོ་གཡུང་དྲུང་ཡེ་ཤེས་བཙུན་པ་ཡིན།གེ་འབུམ་གྱི་སྲས་ཆུང་བ་ནང་སོ་གཡུང་དྲུང་རྒྱལ་མཚན་བཙུན་པ་མཛད།ཆེ་བ་འབུམ་རྗེ་གྲགས་པས་དཔུང་ཆེན་དམག་གི་ལས་ནས་ལྷོ་འབྲི་གུང་ཇོ་བདལ་ཕྱིས་ཆད།ནུབ་ནག་ཚང་འདམ་གཞུང་མན་ཆད། བྱང་ན་དམར་མཚོ་ཁ་ཕྱིན་ཆད།ཤར་དངུལ་ཆུ་གསེར་ལྡན་ཡན་ཆད་ཁྱུང་པོས་མངའ་དབང་བསྒྱུར་ཏེ་ས་མི་འགྱུར་རྫོང་ཆེན་བཅོ་བརྒྱད་བཞེངས།གཡག་ལ་སེ་བོའི་མན་ཆད། གཟི་མ་གཡོ་ག་པ་ཚུན་བཅད་ཁྱུང་པོ་འབུམ་རྗེའི་གསས་མཁར་བརྩེགས།དེ་རྗེས་མི་རབས་ཁ་ཤས་སོང་རྗེས་བྱང་ནུབ་ཀྱི་འབངས་སྡེ་རྣམས།ཨ་ཡན་ཇག་པ་མི་བདུན་གྱིས་མངའ་དབང་བསྒྱུར་ནས་ཕྱིས་ཧོར་པ་ཞེས་ཁྱུང་པོ་བླ་མའི་གདུལ་ཞིང་ན་ཡོད་ལ།དཔོན་གྱི་མངའ་འབངས་ནི་མིན་ནོ།དེའི་སྲས་གྲགས་པ་རྣམ་རྒྱལ་ལ་སྲས་བཞི་ལ་ཆེ་བ་ནང་སོ་དྲུང་ཆེན་བཙུན་པ་དང་དེ་འོག་ལྷ་བརྩན་རྣམ་རྒྱལ་ལ་སྲས་བཞི་ཆེ་བ་བཙན་ལ་གྲགས་པ།དེ་འོག་དྲུང་པ་མཆོག་ལེགས་གྲགས་པ་བཙུན་པ་མཛད།དེ་འོག་གྲགས་པ་རྒྱལ་མཚན་གྱི་ཡབ་ཁྱུང་དཀར་དལ་འབྱོར་སྟག་བཙན་ཡིན་པས་ཕྱིས་སྟེང་ཆེན་དུ་མར་བསུས།སྟག་ལ་གྲགས་མཆོག་གི་སྲས་གྲགས་དབང༌། དེའི་སྲས་ཆེ་བ་ཁྲོ་རྒྱལ་གྲགས་པ་བྱ་ཟེ་ལ་བཞུགས།དེ་འོག་རྒྱལ་བ་གཡུང་དྲུང༌། ཆུང་བ་ཚེ་མཆོག་གྲགས་པ་སྒར་ཁང་ཤ་བ་ཡུ་མོ་རྫོང་དུ་བཞུགས།དེའི་སྲས་ཆེ་བ་ལྷུན་གྲུབ་གྲགས་པ་ཡིན།དེའི་ཡབ་ཚེ་མཆོག་གྲགས་པ་དང་ཁྲོ་རྒྱལ་གྲགས་པ་གཉིས་སྡེ་ཤོག་དང་བྱ་སྒར་གཉིས་གཏེ་བསྡུ་རྒྱུའི་ཐད་ཕན་ཚུན་འཁོན་འགྲས་ཆེན་པོ་བྱུང་ཞིང་མཐར།ཚེ་མཆོག་གྲགས་པས་བཤགས་པ་བཙལ་ནས།ཁྲོ་རྒྱལ་གྲགས་པ་ཞིང་རྨོ་སར་མདའ་རྒྱབ་ནས་བསད་དེ་ནང་དམེ་བྱས།ཚེ་མཆོག་གྲགས་པའང་དགོན་པར་འདས། ཁྲོ་རྒྱལ་གྲགས་པའི་རྗེ་མོ་ཧོར་བཟའ་ཡུག་ས་ལུས་པས།ཧོར་ལྷ་རྗེ་དར་གྱིས་ཧོར་སྡེའི་དམག་ཁྲིད་ནས་ཁྱུང་པོ་ལྷུན་གྲུབ་གྲགས་པ་ལ་དམག་རྒྱབ་(ནས་)སྡེ་བླངས༌།ལྷུན་གྲུབ་གྲགས་པ་བྲོས་སོང་བས་སྡོང་རྫོང་བླ་མ་ཞུ་ཚང་ནས་ཟིན་ཏེ་སྐར་མཐོངས་ལས་འཕང་ཀྱང༌།རིགས་རྒྱུད་ལྷ་ཨ་བསེ་རྒྱལ་བས་བར་སྣང་ནས་མངོན་སུམ་དུ་བླང་བས་ཐར་ཏེ་དཀར་རུ་ཚང་ལ་སྐྱབས་བཅོལ།ཧོར་གྱིས་རིམ་པས་རྨ་རོང་གཉིས་སོགས་སྡེ་མང་པོ་ཁྱུང་པོའི་མངའ་ཁོངས་ལས་བླངས་མཐར་ཧོར་ཁྱུང་འདོམ་བསྒྲིགས་བྱས་ཏེ་ཁྱུང་པོས་ཧོར་ལ་ནས་ཕྲལ་མཇལ་རྒྱུ་བྱས།ཧོར་བཟའ་ལྷུན་གྲུབ་གྲགས་པའི་རྗེ་མོར་ཕུལ་བས་དེ་ལ་སྲས་གཉིས་གཙོ་མཆོག་གྲགས་པ་དང་རྣམ་དག་རྒྱལ་མཚན་བཙུན་པ་ཡིན་ཡང་ལྷུན་གྲུབ་གྲགས་པའི་ལྕམ་འབྲོང་བཟའ་ལ་སྲས་གཉིས་གྲགས་པ་རྣམ་རྒྱལ་དང་གྲགས་པ་རྣམ་སྲས་གཉིས་བྱ་ཟེ་ལ་བཞུགས།གྲགས་པ་རྣམ་སྲས་ལྕམ་སོག་བཟའ་ལ་བསྟན་སྐྱོང་གྲགས་པ་དེའི་སྲས་དབང་རྒྱལ་གྲགས་པ་དེའི་སྲས་རྣམ་རྒྱལ་གྲགས་པ་དེའི་སྲས་ཆེ་བ་རྣམ་སྲས་གྲགས་པ་ནག་རུ་ལ་ཕེབས།ཆུང་བ་ཚེ་དབང་གྲགས་པའི་སྲས་བདུད་འདུལ་གྲགས་པའོ།ཡང་སྒར་ཁང་དུ་གཙོ་མཆོག་གྲགས་པའི་སྲས་གྲགས་པ་བསོད་ནམས།རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ལ་འཁྲུངས།དེའི་སྲས་མོ་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་མོ་ས་རྟ་ལོར་འཁྲུངས་ནས་རབ་བྱུང་བཙུན་མ་མཛད།སྲས་ཆེ་བ་གྲགས་དབང་ཤིང་བྱི་ལ་འཁྲུངས་རྩེ་དྲུག་སངས་གླིང་སྤྲུལ་སྐུ་རུ་ངོས་འཛིན་ཁྲི་འདོན་མཛད།སྲས་ཆུང་བ་ཁྲོ་རྒྱལ་གྲགས་པ་མེ་སྟག་ལ་འཁྲུངས།དེའི་སྲས་གཡུང་དབང་དེའི་སྲས་བཙན་རྒྱལ་གྲགས་པ།དེའི་སྲས་གསུམ་ལས་ཆེ་བ་དབང་ཆེན་གྲགས་པ། དེ་འོག་ལྷུན་གྲུབ་གྲགས་པ།དེ་འོག་ཚེ་དབང་གྲགས་པ་བཅས་འཁྲུངས།དབང་ཆེན་གྲགས་པའི་སྲས་གར་དབང་གྲགས་པ་དང་ཚེ་དབང་གཡུང་དྲུང་སྟེང་ཆེན་དགོན་པའི་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན་མཛད་དོ།སངས་གླིང་བཞི་པ་པད་མ་གར་དབང་མཁའ་འགྲོའི་ལུང་བཞིན་ཕྱིས་སུ་ལྕམ་བཞེས་ཁྲི་བབས་ཆུ་སྦྲུལ་ལོར་ཕྲན་དབལ་འབར་སྟག་ལྷག་འཁྲུངས་སོ།།
       
གསེར་བཟའ་ལྷ་མོ་མཚོ་སྐྱིད་ཀྱི་སྲས་སུ་ཤེས་རབ་རྒྱལ་མཚན་གྱི་སྲས་རྒྱུད་ལ་ཁྱུང་པོ་ལྷོ་བ་ཚང་དུ་གྲགས་ལ་རུ་ཤོག་ས་ཡི་མིང་དུ་ཁྱུང་སེར་དུ་འབོད་དོ།ཡང་ཨ་བླའི་སྲས་དབང་རྒྱལ་གྲུབ་ཀྱི་ལྕམ་ཚབ་བཟའི་སྲས་རྒྱུད་ལ་ཁྱུང་པོ་ཚབ་ཚ་ཚང་དུ་གྲགས་པས་དེའི་སྲས་ཆེ་བ་དཔལ་ལྡན་བཟང་པོ་ནི་རྒོད་ཚང་སྟོད་དུ་བཞུགས་ནས་གྲུ་ཁུག་གཡུང་དྲུང་གླིང་བདག་སྐྱོང་མཛད་དོ།ལྷོ་ནག་ཤོད་དང་བྱང་རྒྱུད་ཕར་ཆེར་གྱི་འབྲོག་ཤོག་ལ་མངའ་དབང་བསྒྱུར།དེའི་སྲས་བློ་གྲོས་དཔལ་དེའི་སྲས་རྒྱུད་གཉིས་ལས་ཆེ་བ་སྟོན་དཔོན་པའི་སྲས་བསོད་ནམས་གྲགས་པ་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས།དེའི་སྲས་གསུམ་གཙོ་མཆོག་དང་གུ་རུ་རྒྱལ། ཨ་བཙན། དེའི་སྲས་ཁྲོ་བོ་རྒྱལ་མཚན།དེའི་དུས་སྲིད་དབང་ཨ་ཡན་ཇག་པ་མི་བདུན་ལ་ཤོར་བའི་མངའ་འོག་ཚང་མར་ཧོར་པ་ཞེས་མིང་ཆགས།སོག་ཡུལ་ནས་དུད་ཚང་བཞི་བཅུ་ཞེ་བརྒྱད་བྱང་དུ་ཡོང་བ་ལས་འཕེལ་བའི་འབྲོག་ཚོར་སོག་སྡེ་ཞེས་འབོད་དོ།ཡང་དབང་འབུམ་པ་འདམ་རྒྱུད་དུ་བཞུགས་ནས་བྱང་རྒྱུད་དང་འདམ་ཆུ་རྒྱུད་ལ་དབང་བསྒྱུར་བས་རོང་བཟའ་ལ་སྲས་འདུལ་བ་རྒྱལ་མཚན་རབ་ཏུ་བྱུང༌།གཡུ་བཟའ་ལ་ཨ་རྩེ་འཁྲུངས། ཨ་རྩེ་ལ་ལྕམ་གསུམ་ཡོད་པས་སྲས་བརྒྱད་འཁྲུངས།བུ་སྤུན་ནང་འཁྲུགས་ནས་ཁ་འཐོར་གྱལ་བའི་སྲས་རྒྱུད་མང་དུ་གྱུར་ཏོ།ཡང་ཁྱུང་པོ་ཨ་བླའི་སྲས་ནང་པ་བྱང་ཤེས་ལ་སྲས་བདུན་མངའ་བའི་ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་ཀྱི་སྲས་ཨ་རྒྱལ་བསོད་ནམ་གྱི་ལྕམ་ཞུ་བཟའ་ལ་སྲས་ཆེ་བ་ནང་པ་བློ་གྲོས་བཟང་པོ་བཙུན་པ་མཛད།སྲས་ཆུང་བ་ཁྲོ་རྒྱལ་སྨོན་ལམ་དེའི་ཆེ་བ་ཁྲི་བཙན་གྲགས་པ་དེ་འོག་ཁྲི་སྡེ་རྒྱལ་མཚན་ཆུང་བ་ནང་པ་བསྟན་པ་རྒྱལ་མཚན་བཙུན་པ་ཡིན།ཁྲི་བཙན་གྲགས་པའི་སྲས་ཁྲི་རྗེ་གྲགས་པ་དེ་ཡི་སྲས་ཁྲི་གཙུག་རྒྱལ་མཚན།དེའི་སྲས་ནང་པ་བསྟན་འཛིན་གྲགས་པ་དེའི་སྲས་ནང་སོ་བསོད་ནམས་ལྷུན་གྲུབ།དེའི་སྲས་ཚེ་དབང་གྲགས་པ་དེའི་སྲས་དཀོན་མཆོག་ལྷ་རྒྱལ། དེའི་སྲས་གསུམ། ཁྲོ་བོ་རྒྱལ།ཁྲོ་བོ་སྲུང༌། ནང་པ་གྲགས་པ་བསྟན་འཛིན་བཙུན་པ་ཡིན།ཁྲོ་བོ་རྒྱལ་གྱི་སྲས་བསྟན་པ་གཡུང་དྲུང་བཙུན་པ་མཛད། དེ་འོག་བསྟན་རྒྱལ་གྲགས་པ།དེའི་སྲས་གཡུང་དབང་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ལ་འཁྲུངས།དགུང་ལོ་ང་དྲུག་ཤིང་ལུག་ལ་འདས། དེའི་སྲས་ཚེ་དབང་བསྟན་འཛིན་ས་ཡོས་ལོར་འཁྲུངས།དགུང་ལོ་རེ་དགུ་མེ་ཡོས་ལོར་འདས། དེའི་སྲས་རྣམ་རྒྱལ་གྲགས་པ།དེའི་སྲས་ལྷུན་གྲུབ་རྒྱལ་མཚན། གཞོན་ནུའི་དུས་སྐུ་གཤེགས།སྐུ་ཟླ་སྐྱོང་བཟའ་ཨ་ཞེ་ལ་སྲས་པོ་མེད་པས། ཁྱུང་སེར་གནམ་སྲས་གྲགས་གོ་(མག་)དམག་བསུས།དེ་ལ་སྲས་ཚེ་དབང་གྲགས་པ་འཁྲུངས་ཀྱང་ཡབ་སྲས་གཉིས་ཀ་འདས།སྲས་རྒྱུད་མེད་པས་གདུང་རྒྱུད་ཆད་དོ།ནག་བཟའ་སྒྲོན་སྐྱིད་སྲས་ཨ་རྒྱལ་བསོད་ནམས་ཀྱི་སྲས་རྒྱུད་ལ་ནག་ཚའམ་ཡུམ་ནག་རུ་ནས་ཡིན་པ་དང་ནག་རུའི་དཔོན་མཛད་པས་ཁྱུང་པོ་ནག་རུ་ཚང་ཞེས་འབོད།།ཡང་ཨ་བླ་ཆུང་དུས་སོག་ཡུལ་དུ་སྲས་ལྷ་གཉེན་མགོན་༡གྱི་སོག་པོའི་མི་གྲགས་ཕུ་ཡུག་རྒྱལ་གྱི་བུ་མོ་ཨུ་ཤང་དཀར་ལ་སྲས་གཉིས་ཡོད།ཕྱིས་སུ་བོད་ཡུལ་བྱང་རྩེ་སྒོང་དུ་ཕེབས་ནས་བེ་རུ་ཨ་ཡག་གི་བུ་མོ་བདེ་སྐྱིད་ལྷ་མོ་ལ་སྲས་ཕུར་བུ་མགོན༢།དེའི་ལྕམ་བེར་བཟའ་ལ་སྲས་གཉིས་འཁྲུངས་པས་ཆེ་བ་དད་པ་རྒྱལ་མཚན་༣གྱི་དབུ་ལ་ཐོགས་རྒྱབ་ཀྱང་མ་སྐྱོན་པས་ཁྱུང་རྒོད་ཐོགས་རྡུག་ཏུ་གྲགས།ཁོང་བཙུན་པ་མཛད། ཆུང་བ་དཔོན་ཚང་རིན་ཆེན་དཔལ༤།དེའི་སྲས་དབུ་བཟའ་ལ་གཡུང་དྲུང་འོད་ཟེར༥། ཆུང་བ་ཚུལ་ཁྲིམས་རིན་ཆེན་བཙུན་པ་ཡིན༦།གཡུང་དྲུང་འོད་ཟེར་གྱི་སྲས་སྡ་བཟའ་ལ་གཡུང་དྲུང་ཚུལ་ཁྲིམས་བཙུན་པ་ཡིན༧།དེ་འོག་བསོད་ནམས་འོད་ཟེར༨། དེའི་སྲས་ཡོན་ཏན་རྒྱལ་མཚན༩། དེའི་སྲས་ཁྱུང་པོ་ཨ་དར།དེའི་སྲས་རྒྱུད་ལ་ཕྱིས་སུ་སྤུ་ལ་བླ་མ་ཚང་ཞེས་འབོད་དོ༡༠།དེ་ཚོ་ནི་སྤྱིར་དམ་པ་བླ་མའི་གདན་ས་འཛིན་མཁན་དང༌།དོན་ཡོད་དཔོན་གྱི་འཇའ་ས་འཛིན་མཁན་དང་གདུང་རྒྱུད་མ་ཆད་པས་ཁྱུང་པོ་སོ་སོའི་སྲས་རྒྱུད་མི་རབས་ཀྱི་ཚུལ་དུ་བཀོད་པའོ།ཁྱུང་ནག་བེ་ཧུའི་ཕྱག་དཔེ་ལྟར་རོ། བཀྲ་ཤིས། ཞལ་དྲོ། ཞུས་སོ་དགེའོ།།

             ངེད་ཅག་(བོན་སྒོ་)རྩོམ་སྒྲིག་ཁང་གིས་བཏབ་པའི་མཆན་འགྲེལ་ཁག་ཅིག་གཤམ་དུ་དྲངས་ཡོད།

      ༡༽དམ་པ་འདི་ནི་ཁྱུང་ནག་སྤུ་བླའི་གདུང་རབས་དང་པོ་ཡིན།ཁོང་ནི་ཡབ་ཁྱུང་པོ་ཨ་བླ་དང་ཡུམ་སོག་བཟའ་ཨུ་ཟི་(ཧུ་ཟི་)གཉིས་ལས་སོག་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་ནས་མེ་ཆུ་བྱ་གཅན་སོགས་ཀྱིས་མི་གནོད་པར།འོད་དང་གློག་གིས་འཚོ་བ་གཅིག་བྱུང་བས་ཡུལ་མི་རྣམས་ནས་འདི་ལྷ་གཉེན་པོ་ཞིག་གིས་མགོན་བྱེད་པར་སྣང་བས་འདི་ལ་ལྷ་གཉེན་མགོན་འབུམ་ཐོགས་ཤིག་ཟེར།ཕྱིས་མཐུ་བྱིན་མེ་དཔུང་འབར་བ་ཞིག་བྱུང།བྲག་ཀླུ་བཙན་གྱི་ཆུ་མིག་ལ་སྦ་དབྱུག་གིས་བརྡུང་ཞིང་དམོད་བཅོལ་དྲག་ཏུ་བྱས་ཏེ།དགྲ་ལ་ཐོག་སེར་ཕབས་པས་སྟོན་པ་ཐོག་འབེབས་ཡང་ཟེར།ཁོང་ལ་སོག་ཡུལ་དུ་སོག་པོའི་མི་གྲགས་ཕུ་ཡུག་རྒྱལ་གྱི་བུ་མོ་ཨུ་ཤང་དཀར་ལ་སྲས་གཉིས་ཡོད།བླ་མ་འདི་ཉིད་སྤྱི་ལོ་དུས་རབས་༡༣པའི་སྨད་ཙམ་ལ་བོད་ཡུལ་དུ་ཕེབས་སྐབས་དཀར་ཤོད་ཀྱི་ལྷ་སྡེ་ཡོངས་ནས་རེ་ཞུས་ལྟར་བྱང་རྩེ་སྒང་གི་རླངས་གཉེན་ཐོག་གི་གདན་སར་བསྐྱངས་ནས་བོན་ཆོས་རིས་མེད་ཉམས་བཞེས་མཛད།བསྙེན་སྒྲུབ་ཀྱི་དྲོད་ཚད་བསྙེམས་ཤིང་རིམ་གཉིས་ཐུགས་ལ་འབྱོངས་པ་སོགས་གྲུབ་པའི་རྟགས་དང་ལྡན་པ་བྱུང༌།གནས་དེར་བོན་ལུགས་ཀྱི་གསས་ཁང་བཞེངས་ཏེ་ཁྱུང་པོའི་ྋགདན་ས་ཆེན་མོ་ནས་ཡབ་ཨ་བླ་གདན་དྲངས་ཤིང་མངའ་དབུར་རབ་གནས་ཀྱི་དགའ་སྟོན་རྒྱ་ཆེར་མཛད།ཡབ་ཁྱུང་པོ་ཨ་བླ་མཆོག་ནས་ཁྱུང་པོ་ནང་ཆེན་གྲགས་པས་བཞེངས་པའི་ཁམས་ཆེན་གསེར་བྲིས་མ་འཛམ་གླིང་རྒྱན་ཆེན་དང༌།གོ་སྡེ་འཕགས་པས་ར་ཁྲོམ་བྲག་ནས་གཏེར་བཏོན་པའི་རྣམ་པར་རྒྱལ་བའི་སྐུ་བརྙན་བྱིན་ཆེན་སོགས་རྟེན་སྐལ་མང་པོ་གནང་བ་དེ་རྣམས་ལྷ་ཁང་དེར་བཞུགས་སུ་གསོལ་བ་མ་ཟད།ལྷ་ཁང་གྱི་མཚན་ལ་ཡང་ཁྱུང་ཨ་བླའི་ཤར་རྫོང་རིང་མོ་ཞེས་གསོལ།བླ་མ་ལྷ་གཉེན་མགོན་འབུམ་ལ་དཀར་ཤོད་ཀྱི་ལྷ་སྡེ་ཡོངས་ནས་བེ་རུ་ཨ་ཡག་གི་བུ་མོ་བདེ་སྐྱིད་ལྷ་མོ་ཁབ་ཏུ་ཕུལ་བས།ཁོང་ལ་རྒྱལ་ཕུར་འཛོམས་པའི་དུས་བཟང་ལ་སྲས་ཤིག་བལྟམས་ནས་མཚན་ལ་ཕུར་བུ་མགོན་དུ་གསོལ།ལྷ་གཉེན་མགོན་དང༌ཕུར་བུ་མགོན་ཡབ་སྲས་གཉིས་ཀྱིས་རི་ཁང་རི་ཁྲོད་ཆགས་བཏབས་པས་མ་ཚད།གཟུ་བོན་དགོན་དང༌།ཨ་ངུ་གོང་སྨད་བཀྲ་ཤིས་དར་ལུང་དགོན་སོགས་ཀྱི་བསྟན་བདག་ཀྱང་གནང་སྟེ་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད།མཐར་དགུང་ལོ་རེ་ལྔར་ཡིད་དམ་ལྷ་དང་གཉིས་སུ་མེད་པར་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས།ཕྱི་རབས་འགྲོ་བའི་དད་རྟེན་དུ།ཐུགས་ལས་འཁྲུངས་པའི་དབལ་ཆེན་གེ་ཁོད་ཀྱི་སྐུ་དང་རིང་བསྲེལ་སྣ་ཚོགས་བཅས་བྱོན།
      
༢༽ འདི་ནི་ཁྱུང་ནག་སྤུ་བླའི་གདུང་རབས་གཉིས་པ་ཡིན།ཁོང་ནི་ཡབ་ཀྱི་དྲུང་ནས་སྔགས་སེམས་ཀྱི་མན་ངག་ཟབ་མོའི་གདམས་པ་རྣམས་གསན་བསམ་མཐིལ་ཕྱིན་པར་མཛད་དེ་གསང་སྔགས་རིག་འཛིན་གྱི་གོ་འཕང་མངོན་དུ་བརྙེས།དབྱར་དུས་སུ་ཡར་འཕྲིས་ཁར་སྟོད་སྨད་ཀྱི་གདུལ་བྱ་བརྒྱ་ཕྲག་དུ་མར་བོན་གྱི་འཁོར་ལོ་བསྐོར་བའི་སྲོལ་བཙུགས།ཕྱིས་སུ་ས་གནས་དེར་བོན་ར་ཁ་ཞེས་མིང་བཏགས་པར་སྣང་སྟེ།དེང་དུས་ཡོངས་གྲགས་སུ་བོན་ར་ཁ་ཞེས་འབོད་སྲོལ་ཡོད།ཁོང་གིས་བེར་བཟའ་ཁབ་དུ་བཞེས་པའི་སྲས་དད་པ་རྒྱལ་མཚན་དང།དཔོན་ཚང་རིན་ཆེན་དཔལ་གཉིས་འཁྲུངས་ཤིང་ཡབ་བཞིན་ལུགས་གཉིས་ཀྱི་བདག་པོ་གནང་སྟེ་སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དོན་ཆེན་ཁོ་ནར་མཛད།མཐར་ངོ་མཚར་གྱི་རྟགས་དུ་མ་དང་བཅས་དགོངས་པ་བོན་དབྱིངས་སུ་བཤེགས། 
      
༣༽བླ་མ་འདི་ནི་ཁྱུང་ནག་སྤུ་བླའི་གདུང་རབས་གསུམ་པ་ཡིན།དམ་པ་ཁོང་ནི་རབ་ཏུ་བྱུང་སྟེ་གཤེན་དང་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་གདན་སར་འགྲིམ་ཞིང་ཨ་སྙན་རྫོགས་གསུམ་སོགས་ཐུགས་དམ་མཛད་དེ་ཚེ་གཅིག་སྒོམ་སྒྲུབ་ཁོ་ནར་བརྩོན།ཡབ་མེས་ཀྱི་བསྟན་པའི་སྲོལ་བཟུང་སྟེ་དགོན་ཁག་ཀྱི་དབུ་བླ་གནང།ཁྱུང་ཨ་བླའི་ཤར་རྫོང་རིང་མོར་ཉམས་ལེན་གྱི་བཅད་རྒྱར་བཞུགས་སྐབས་དབུ་ལ་ཐོག་རྒྱབ་སྟེ་ཁྲོ་ཆུ་པང་དུ་འཁྱིལ་བས་བླ་མས་ཞབ་ཕྱི་བ་རྣམས་ལ་འདི་གང་བྱེད་ཅེས་གསུངས།ཞབས་ཕྱི་བས་ཕོས་ཞུས་ཚེ་བླ་མས་ཁང་པའི་འགྲམ་དུ་ཕོས་པས་ཁྲོ་ཆུ་ས་ལ་མཛུལ་སྐབས་རྫོང་གི་ལོགས་གཅིག་བསྒྱིལ་ཏེ་འོག་ཁང་དུ་མཛོ་མོ་བདུན་བསད་པ་མ་ཟད་ས་ལ་ལུང་གཤོང་ཆེ་བར་བཟོས་པས་།དེ་ནས་བཟུང་ས་དེར་མཛོ་མོ་མཇུ་ཞེས་འབོད་སྲོལ་ད་ལྟའི་བར་རྒྱུན་འཇགས་སུ་གནས་བཞིན་ཡོད།མ་ཟད་གོང་གི་མཁར་རྫོང་དེ་ཡི་ཞིག་ཤུལ་དེང་དུས་ཁྱུང་ཨ་བླའི་ཤར་གྱང་རིང་མོ་ཞེས་འབོད་སྲོལ་ཆགས།བླ་མར་ཐོག་གི་འཇིགས་པ་དང་བྲལ་བས་ཁྱུང་རྒོད་ཐོག་རྡུག་ཀྱང་ཟེར།
      
༤༽དམ་པ་འདི་ནི་ཡབ་ཀྱི་དྲུང་ནས་གསང་ཆེན་བླ་མེད་ཀྱི་བོན་སྡེ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཐར་ཕྱིན་པར་གནང།ཡབ་བཞིན་ལུགས་གཉིས་ཁྲིམས་ཀྱི་ཅོ་པཎ་བདག་གིེར་བཞེས་ཏེ་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད།དབུ་བཟའ་ཁབ་ཏུ་བཞེས་པའི་སྲས་ཆེ་བ་གཡུང་དྲུང་འོད་ཟེར་དང༌།ཆུང་བ་ཚུལ་ཁྲིམས་རིན་ཆེན་གཉིས་བལྟམས།ཁོང་ནི་ཚེ་ལ་དབང་བའི་རིག་འཛིན་གྱི་གོ་འཕང་བརྙེས་ཏེ་སྐུ་ཚེ་ཡང་རིང་པོར་བཞུགས་སྐད།
      
༥༽བླ་མ་འདི་ནི་ཁྱུང་ནག་སྤུ་བླའི་གདུང་རབས་བཞི་པ་ཡིན།ཁོང་ནི་ཁུ་བོ་དད་པ་རྒྱལ་མཚན་དང་བྲུ་ཞུ་གཤེན་གསུམ་གྱི་མཁས་གྲུབ་དུ་མའི་ཞལ་སྔར་འགྲིམས་ཤིང་རིག་པའི་གནས་ཆེན་ལྔ་ལ་གསན་བསམ་གཞན་འདྲིང་མི་འཇོག་པར་གནང་སྟེ་མཁས་གྲུབ་གཉིས་ལྡན་གྱི་དབྱར་རྔ་ས་སྟེང་སྒྲོགས།ཡབ་མེས་ཀྱི་གདན་སར་ལུགས་གཉིས་གོང་མར་མངའ་གསོལ་ཏེ་བླ་རུ་བཀུར།དམ་པ་འདི་ནས་བཟུང་སྤུ་ལའི་བླ་རབས་རིམ་བྱོན་གྱིས་སོག་ཤོད་གཡུང་དྲུང་གླིང༌སོག་པོ་ཇུན་གར་གྱིས་རྩ་གཏོར་མ་བྱས་བར་དུ་དབུ་བླ་གནང་ཡོད་པ་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལས་གསལ་བ་མ་ཟད།རྒན་རབས་དུ་མའི་ངག་བགྲོས་ལས་ཀྱང་བཤད་སྲོལ་སྣང་།དགོན་དེའི་ཤུལ་དངོས་འགའ་ཞིག་སྤུ་ལ་དགོན་པར་ད་ལྟའང་མཇལ་ཡུལ་དུ་ཡོད།ཁོང་གིས་སྡ་བཟའ་ཁབ་ཏུ་བཞེས་པའི་སྲས་ཆེ་བ་གཡུང་དྲུང་ཚུལ་ཁྲིམས།ཆུང་བ་བསོད་ནམས་འོད་ཟེར་གཉིས་འཁྲུངས།བླ་མ་ཁོང་ནི་སྐུ་མ་ངེས་སྣ་ཚོགས་སུ་སྤྲུལ་ནས་བསྟན་འགྲོའི་དོན་རྒྱ་ལག་ཕྱད་པར་མཛད།དབྱིངས་སུ་གཤེགས་སྐབས་ཕྱི་རབས་འགྲོ་བའི་དད་རྟེན་རིང་སྲེལ་སྣ་ཚོགས་བྱོན།
         
༦༽དམ་པ་འདི་ནི་རབ་ཏུ་བྱུང་སྟེ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མར་མངའ་ཞིང་སྤུ་ལ་དར་ལུང་དགོན་སོགས་ཀྱི་དབུ་བླ་གནང་ཡོད་པར་གྲགས།
      
༧༽བླ་མ་འདི་ནི་ཁྱུང་ནག་སྤུ་བླའི་གདུང་རབས་ལྔ་པ་ཡིན།ཁོང་ནི་རབ་ཏུ་བྱུང་ཏེ་གསང་གསུམ་བོན་གྱི་དགོངས་པ་མངོན་དུ་གྱུར་བས་མཆོག་ཐུན་གྱི་གྲུབ་རྟགས་དུ་མར་མངའ།གོང་མའི་གདན་ས་རྣམས་བསྐྱངས་ཤིང་སྐུ་ཚེ་ཧྲིལ་པོར་བསྟན་འགྲོར་སྨན་པའི་དོན་ཆེན་བླ་མེད་མཛད།
      
༨༽ བླ་མ་ཁོང་ནི་སྐྱེད་རྫོགས་ལ་རང་དབང་ཐོབ་ཅིང་རིག་འཛིན་གྱི་དགོངས་པ་བརྙེས།མཐུ་བྱིན་བྲག་ལ་ཞབས་རྗེས་འཇོག་པ་སོག་ངོ་མཚར་གྱི་རྟགས་དང་ལྡན།སྐུ་སྲས་ཡོན་ཏན་རྒྱལ་མཚན་བྱུང།གཤེགས་སྐབས་དད་རྟེན་རིང་སྲེལ་མང་དུ་བྱོན་པ་བཅས་སོ།
      
༩༽དམ་པ་འདི་ནི་ཁྱུང་ནག་སྤུ་བའི་གདུང་རབས་དྲུག་པ་ཡིན།ཁོང་ནི་ཐོས་བསམ་བསྒོམ་པའི་ཡོན་ཏན་མཆོག་ཏུ་མངའ་ཞིང༌།ཐུགས་དམ་དབལ་གྱི་ཕུར་པ་མཛད་པས་མཐུ་བྱིན་མེ་བཞིན་འབར༌།ཕྱག་གི་ཕུར་པ་བསྒྲིལ་བས་བསྟན་དགྲ་དབྱིངས་སུ་བསྒྲལ།དབྱིང་སུ་གཤེགས་སྐབས་འབྲུག་སྲས་ཆིམ་པའི་སྐུ་རང་བྱོན་སོགས་ཕྱི་རབས་དད་པའི་རྟེན་གྲངས་མེད་བྱོན།
      
༡༠༽འདི་མན་ཆད་སྤུ་བླའི་གདུང་རབས་རྣམས་༧ སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་འཕྲོ་མཐུད་གནང་འདུག

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།