འོལ་གླིང་གཤེན་གྱིས་བཏབ་པའི་དག་ཞིང་དུ།།
བོན་བསྟན་རྗེས་སུ་བཞག་སའི་ཕོ་བྲང་བཞེངས།།
པོད་མཁར་སྒོ་བཞི་མཛོད་ལྔའི་ཆགས་ཚད་བཏིང་།།
གསུང་རབ་བཀའ་མའི་བོན་ཆར་ཕྱོགས་བཅུར་གཏོར།།
དཔོན་གསས་མཁན་སློབ་ཉི་ཟླ་མཁའ་ནས་ཤར།།
ཐུགས་སྲས་གདུལ་བྱས་སྐྱབས་འཇུག་འོག་ནས་ཞུས།།
བསྐལ་ཆེན་སྟོན་པ་ཞིག་གི་མཛད་འཕྲིན་ཏེ།།
རྒྱལ་གཤེན་དགྱེས་པའི་གསུང་རབ་སྒོ་མཛོད་བསྐྲུན།།
ཞང་ཞུང་མེ་རི་འབར་བའི་སྒྲུབ་གནས་ཏེ།།
བསྟན་རྒྱས་གླིང་ཞེས་གཤེན་དགོན་ཁྲ་ཆེམ་ཆེམ།།
ལྐུགས་ཁ་འབྱེད་པའི་བཀའ་བརྟེན་གསལ་ལམ་ལམ།།
དྭངས་བ་འདྲེན་པའི་གཤེན་སྡེ་ཉི་ལི་ལི།།
འགྲོ་ཀུན་རྒྱལ་སར་བགྲོད་པའི་ཐབས་ལམ་དང་།།
སངས་རྒྱས་བསྟན་པའི་སེམས་ཀྱི་རྩ་ལག་སྟེ།།
གསུང་རབ་སྒོ་མཛོད་བསྐྲུན་པའི་སྐལ་བཟང་འདི།།
དུས་ཆེན་བསྐལ་པ་སྟོང་ལ་མི་ནུབ་སྨོན།།
ཀ་ཁའི་ཚིག་གི་མཆོད་པ་རྣམ་ལྔ་འདི།།
སྒོ་མཛོད་རིན་ཆེན་གསེར་ལ་གཡུ་ཡིས་རྒྱན།།
སྒོ་གསུམ་དད་པའི་རྟེན་འབྲེལ་མེ་ཏོག་ཞིག།
ཀུན་གསལ་གསེར་གྱི་སྒྲོན་མེའི་ཕྱོགས་སུ་འབུལ།།
སྤྱི་ལོ་༢༠༡༥/༡༡/༢༦/ཉིན་ཁྱུང་པོ་སྟེང་ཆེན་དགོན་དུ་གསང་སྔགས་སྒོ་མཛོད་རིན་པོ་ཆེའི་དེབ་གཟུགས་གསར་དུ་བསྐྲུན་པའི་སྒོ་འབྱེད་ཐོག་རྟེན་འབྲེལ་མེ་ཏོག་ཚོམ་བུ་ཞིག་ཕུལ་བ་ལགས།