༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ཤེས་རབ་སྨྲ་སེང་སྒྲུབ་པ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-02-28] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

1614518011516583.jpg

རྣམ་བཀྲའི་འཇའ་འོད་སྣ་ལྔའི་ཕུང་པོ་མཛེས་མཛེས་དཀྲིགས་པའི་གུར་ཁང་དུ།།

ཁྱུང་ལྕོ་ཁུ་བྱུག་འབྲུག་དང་ནེ་ཙོ་བརྗིད་བརྗིད་རོལ་བའི་ཁྲི་སྟེང་ན།།

བརྒྱད་ཟུང་ལང་ཚོར་འཕྲུལ་ཡིག་བཞི་བཅུ་གསལ་གསལ་བཀྲ་ཞིང་ཕྱག་གཡས་གཡོན།།

རལ་གྲི་པོ་ཏི་ལེགས་པར་རབ་འཛིན་ལྷག་ལྷག་ལྷག་པའི་ལྷ་ལ་འདུད།།

1614518048677304.jpg

          དེ་ཡང་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་རྒྱལ་ཁྱུང་དཀར་པོའི་གདན་ས།  གནམ་འཁོར་ལོ་རྩིབས་བརྒྱད་ལ་ཉི་ཟླ་སྐར་གསུམ་གྱི་འཁོར་འགྲོས་བཟང་ཞིང་།  ས་པད་མ་འདབ་བརྒྱད་ལ་འབྲུ་དྲུག་སྙེ་མའི་ལང་ཚོ་མཛེས་ས།  བར་རྫོགས་བྱང་གཉིས་ཀྱི་ཆུ་བོ་ལྷང་ལྷང་དུ་འབབ་པའི་དཀྱིལ་ན།  ལུང་གིས་ཟིན་པའི་གནས་ཆེན་བྲག་དམར་རི་འབར་བའི་མདུན་ཞོལ།    རྒྱལ་བསྟན་འཁོར་ལོ་གསུམ་གྱི་གདུགས་དཀར་བླ་ནས་བླ་རུ་འདེགས་པའི་ཞིང་མཆོག  ཁྱུང་པོ་མི་རྗེ་བླ་དཔོན་གྱི་གདན་རབས་གསེར་གྱི་ཕྲེང་བས་ཞབས་ཀྱིས་བཅག་པའི་གདན་ས་ཁྱད་པར་ཅན།  རྨད་བྱུང་དགེ་འདུན་རྒྱ་མཚོ་འཛིན་པའི་སློབ་གླིང་༧ ཁྱུང་པོ་སྟེང་ཆེན་དགོན་ནམ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་འདི་རུ།  འཆར་ཅན་ལྟར་གནམ་བོན་དབྲ་ཡི་གདུང་ལས་གྲོལ་བའི་དབྲ་བཙུན་ཤེས་རབ་དགོངས་རྒྱལ་ལམ་སྐུ་མདུན་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོ་དེ་ཉིད་ལ་སྙན་དུ་བརྒྱུད་པའི“གཡུང་དྲུང་ལྷ་ཡི་སྐད་དུ་ན། སངས་པོ་འབུམ་ཁྲི། ཞང་ཞུང་སྐད་དུ། ཀུ་བྱི་མང་ཀེ རྒྱ་གར་སྐད་དུ། འཇམ་དཔལ་དབྱངས། བོད་སྐད་དུ། ཤེས་རབ་སྨྲ་སེང་།”ཞེས་པ་འདི་ཉིད་ཀྱི་སྒྲུབ་གཞུང་ཚེ་སྒྲུབ་ལྷ་ཡི་མཚན་གྱི་གསལ་བྱེད་རིག་པའི་གནས་བཅུའི་གབ་སྦས་གསང་བའི་ཤམ་བུ་དང་བཅས་པའི་སྒྲུབ་ཐབས་ཕྱག་བཞེས་དྲུང་མུ་ཉི་ཝེར་གྱིས་བྲིས་པ་ནང་བཞིན། ལོ་རེར་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཉིན་མཚན་དགུ་ལ་འཚོགས་ཀྱིན་ཡོད་པ་བཞིན། དེ་ཡང་སྤྱིར་ཤེས་རབ་ཀྱི་ལྷ་མཆོག་རིག་ལྔ་ལ་འཁོར་བཞི་བཅུ་རྩ་བཞི་དང་བཅས་པ་འདི་ཉིད། ཕྱི་ལྟར་ཀེང་རྩེ་རིགས་ལྔ་དང་སེམས་དཔའ་བཞི་བཅུ་རྩ་བཞི། ནང་ལྟར་རྒྱལ་བ་རིགས་ལྔ་དང་ཞི་ལྷ་བཞི་བཅུ་རྩ་བཞི། གསང་བ་ལྟར་ན་སྨྲ་སེང་རིགས་ལྔ་དང་ཤེས་རབ་བཞི་བཅུ་རྩ་བཞིའི་ངོ་བོ་གཅིག་ཏུ་དྲིལ་ཏེ་བདེར་གཤེགས་གསུང་གི་མཐུ་སྟོབས་ལས་བྱུང་བའི་ཡོན་ཏན་ཐམས་ཅད་དང་། ཁྱད་པར་རིག་པའི་གནས་ཆེ་ཆུང་བཅུ་ཕྲག་གཅིག་དང་། བྱ་བ་བྱེད་པའི་འཕྲུལ་ཆ་མཐའ་དག་སོགས་འདི་ལས་བྱུང་བའི། སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་སེམས་ཅན་གྱི་ཤེས་རྒྱུད་བཀྲོལ་བ། སྨྲ་བའི་ལྗགས་རིང་པོར་རྐྱང་བར་འདོད་པ་ཀུན་གྱིས་འདི་ལ་ཤིན་ཏུ་བསྒྲུབ་ཅིང་བརྩོན་པའི་གནས་སུ་ཆེ་བ་ལགས་པས། 

1614518127589990.jpg

1614518189871624.jpg

          འདི་ལོ་ཡང་དུས་བཟང་ཁྱད་པར་ཅན་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ཆེ་བའི་རྗེ་བདག་ཉིད་ཆེན་པོའམ་༧མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཟླའི་ཚེས་བདུན་ཉིན་མཆོད་བཟོ་དང་བཅའ་བཀོད་ལེགས་པར་བགྱིས་ཏེ་དེའི་ཚེས་བརྒྱད་ཉིན་ནས་དབུ་བཟུང་སྟེ་གྲྭ་ཚང་རྣམ་པས་བདེར་གཤེགས་སྨོན་ལམ་མཐའ་ཡས་དང་ཕུར་པའི་ལས་མཐའ་སོགས་ཀྱིས་གཞུང་ཆོག་རྒྱས་པར་བསྲངས་བ་དང་། ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་ནང་དུ་༧དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་དང་༧སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་མགོན་དུ་བཞུགས་ཐོག འདི་གའི་མཁན་པོ་དགེ་བཤེས་གཙོས་བཤད་སྒྲུབ་སྒོམ་གསུམ་གྱི་དགེ་འདུན་པ་རྣམ་པས་ཉིན་མཚན་དགུ་ཡི་རིང་དུ་དམ་པ་གསུམ་“སྔོན་འགྲོ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བྱ་བསྔོ་བ་དམ་པ། ”གྱི་རྩིས་ཟིན་པར་བྱས་ཏེ། སྒྲ་དག་སྒྲོས་གཙང་། དལ་ལྷོད་རན་པའི་སྒོ་ནས་སྤོས་དུད་སི་ལི་ལི།  མཆོད་ཚོགས་སྤུངས་སེ་སྤུང་། ཏིང་འཛིན་གསལ་ལེ་གསལ། འདོན་ཚིག་དག་གེ་དག གཏོར་ཚོགས་ཡེ་རེ་རེ། འཛབ་སྒྲ་འུ་རུ་རུ། འཛབ་དབྱངས་ཀྱི་ལི་ལི། རྔ་སྒྲ་དི་རི་རི།  དུང་སྒྲ་འདུར་རུ་རུ།  གླིང་སྒྲ་སྙན་ནེ་སྙན། གཤང་སྒྲ་སིང་ངེ་སིང་། སྦུབ་སྒྲ་ཆེམས་སེ་ཆེམ། ཞུགས་མར་ཝ་ལ་ལ་སོགས་ཀྱིས་བལྟས་ན་མིག་ལ་མཛེས་པ། ཉན་ན་རྣ་བར་སྙན་པ། བསམ་ན་ཡིད་ལ་འཐད་པ་སོགས་ཀྱིས་སྒྲུབ་པ་རྒྱས་པར་གཞུང་བསྲངས། 

1614518235365743.jpg

1614518271364712.jpg

1614518300757792.jpg

1614518323227662.jpg

1614518345119006.jpg

        ཉིན་བརྒྱད་པར་༧དཔོན་སློབ་རིན་པོ་རྒྱལ་བ་བསྟན་འཛིན་མཆོག་ནས་བསླབ་གསུམ་དགེ་འདུན་ཚོགས་དང་དད་ལྡན་ལྷ་སྡེ་རྣམས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་ཟབ་མོར་གནང་བ་དང་།  དགེ་བའི་ཡོན་ཏན། སྡིག་པའི་ཉེས་འབྲས། འདི་ཕྱིའི་ལེགས་ཉེས་ཀྱི་བླངས་དོར། སློབ་སྦྱོང་ལ་ཧུར་འབད། རྐྱེན་ལམ་སློང་སོགས་ལོང་བ་ལ་མིག་དང་། ལྐུགས་པ་ལ་ལྕེ་ལྟ་བུའི་དབང་གདམས། སྲོལ་རྒྱུན་གྱི་རྐང་མ་ཡལ་བ། དེང་རབས་ཀྱི་བཅུད་མ་ཤོར་བའི་གནད་ལ་སྨིན་པ། ཚིག་བསྡུས་ལ་གོ་སླ་བ་སོགས་ཀྱིས་མཐར་རྒྱན་ཏེ། ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཟབ་མོ་མཇུག་ལེགས་པར་གྲུབ་པའི་གསར་ཕྲིན་དུ་ཁྲི་རིག་པའི་མདས་བསྡུས། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།