༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 4 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་ལོ་དུས་ལྟར་དུས་མཆོད་ཁག་གི་མཛད་སྒོའི་ཉིན་བརྒྱད་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-12-01] [རྩོམ་པ་པོ།:ཁྲི་རིག་མདའ།] [གཟིགས་ཐེངས:]

1606785313602929.jpg

འཁྲུལ་རྟོག་བརྒྱད་ཁྲིའི་ཆུ་འཛིན་ཀུན་བྲལ་ཞིང་།  །

རང་བཞིན་རྣམ་དག་མཁའ་ལས་མ་གཡོས་ཀྱང་།  །

ཀུན་མཁྱེན་ཉི་ཟླའི་བཀོད་པ་ལྷུན་ལ་རྫོགས།  །

སྟོན་མཆོག་བརྒྱ་པའི་མགོན་དེས་དགེ་ལེགས་སྩོལ།  །


    ཅེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་དེ།  གང་ཞིག་བཤད་པར་བྱ་བ་ནི་བླ་རི་གངས་དཀར་བརྗིད་ཀྱིས་འགྱིང་ཞིང་ཁ་འབབ་ཆུ་བོ་ཤང་ཤང་དུ་འབབ་པའི་ཡུལ།   སྟོད་ན་མངའ་རིས་སྐོར་གསུམ་བར་ན་དབུས་གཙང་རུ་བཞི།   སྨད་དུ་མདོ་ཁམས་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོའི་སྒང་སྟོད།   ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡ་གྱལ། སུམ་གླང་གྱིམ་ཤོད་ཀྱི་མཐིལ། ཁྱུང་པོ་རིག་པ་འབྱུང་བའི་ལྟེ་གནས་ཏེ་ཤར་དུ་བོད་ཆེན་སྤེན་ནེ་རི་བཀྲ། བྱང་དུ་སྤུ་ཐོག་མཚོ་ཆེན་མཚོ་ཆུང་།  ནུབ་ཏུ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ། ལྷོ་རུ་རི་དམར་དབང་ལྷ་བཙན་རྒོད་ཀྱི་ཐད་སོ།  ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་རྒྱལ་ཁྱུང་དཀར་པོའི་གདན་ས།  ཉམས་དགའ་ལ་ཡིད་དུ་འོང་བ།  གནམ་ལ་འཁོར་ལོ་རྩིབས་བརྒྱད་ས་ལ་པད་མ་འདབ་བརྒྱད།  བར་ལ་རྒྱ་ཞིང་ཆུ་མ་ལ་གསེར་མདོག་སྙེ་མས་གང་བ་ལ།  རྫོགས་བྱང་གཉིས་ཀྱི་ཆུ་བོ་ལྷང་ལྷང་དུ་འབབ་པའི་དཀྱིལ།   ལུང་གིས་ཟིན་པའི་གནས་ཆེན་བྲག་དམར་རི་ཡི་འདུས་ཞོལ།    རྒྱལ་བསྟན་འཁོར་ལོ་གསུམ་གྱི་གདུགས་དཀར་བླ་ནས་བླ་རུ་འདེགས་ཤིང་།  ལྔ་ཟུང་རིག་པའི་མེ་ཏོག་ཕང་ཕུང་དུ་བཞད་པས་གཡུར་དུ་ཟ་བའི་འབྲས་བུ་བླ་ལྷག་ཏུ་སྨིན་པའི་སློབ་གླིང་། ཁྱུང་པོ་མི་རྗེ་བླ་དཔོན་གྱི་གདན་རབས་མུ་ཏིག་ཕྲེང་བས་ཞབས་ཀྱིས་བཅག་པའི་གདན་ས་ཁྱད་པར་ཅན།   ལྷག་པར་དུ་གདུལ་བྱའི་བསོད་ནམས་ཀྱི་ཞིང་ས་ལ་དུས་སུ་བབས་པའི་ཆར་པ།  ལུགས་གཉིས་ཀྱི་སྙིང་བཅུད་ལེགས་པར་བཤད་པའི་སྟོན་པ། ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པ། སྐུ་མི་འགྱུར་གསེར་གྱི་ལྷུན་པོ། གསུང་མི་ཟད་བོན་གྱི་འཁོར་ལོ། ཐུགས་དགོངས་ཟབ་མཁྱེན་བརྩེའི་བདག་ཉིད་ཅན། དགོན་འདིའི་བླ་རབས་ཉེར་བདུན་པ༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུས་སེམས་དང་བསམ་པས་བསྐྱངས་པའི་གཤེན་གྱི་སྡེ་ཆེན་མོ་༧ཁྱུང་པོ་སྟེང་ཆེན་དགོན་ནམ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་འདི་རུ།

1606785354199826.jpg

1606785694692318.jpg

    འཆར་ཅན་ལྟར་བཤད་སྒྲུབ་སྒོམ་གསུམ་དང་གྲྭ་ཚང་ཡོངས་ནས་ལོ་ལྟར་སྲོལ་རྒྱུན་དུས་མཆོད་ཁྲོ་ཕུར་དགུ་གཏོར་ཆེན་མོ་དང་བོན་སྐྱོང་སྒྲུབ་པ། ཤི་གསོན་གཉིས་ཀྱི་དགེ་བའི་མཆོད་སྡོང་ཆེན་ཀུན་རིག་ལས་བཞི་རྒྱུན་ལྔ་སོགས་མཆོད་བཤམས་ཀྱི་ཐད་ནས་གྲ་རྒྱས་སྤུ་གཙང་ཅི་ཐོན་གང་ཐོན་དང་། ཆོ་ག་གཞུང་བསྲང་གི་ཐད་ནས་རྒྱས་འཚོགས་དང་རྒྱས་འདོན་བྱས་ཏེ་དད་ལྡན་ལྷ་སྡེ་རྣམ་པས་ཕུལ་བའི་རྒྱུ་འབྱོར་ཆུད་ཟོས་སུ་མ་སོང་བར་“མར་མེ་སྡོང་རྩར་ཐིངས”ཞེས་པའི་དཔེ་ལྟར་འགོ་དབུ་འཛིན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ནས་མཇུག་དགོན་ཞབས་ཀྱི་ལྷ་སྡེ་ཡན་ཆོད། བཤད་སྒྲུབ་སྒོམ་གསུམ་གྲྭ་ཚང་དང་བཅས་པས་ལྷག་བསམ་རྣམ་པར་དག་པའི་ཀུན་ནས་བསླངས་ཏེ་ཚགས་ཚུད་དང་སྤུས་གཙང་གིས་སྒོ་ནས་དངོས་གཞི་གཞུང་དོན་ལ་འཇུག་ཡོད།

1606785411295392.jpg

1606785411941638.jpg

1606785412214971.jpg

1606785412645164.jpg

1606785413420159.jpg

1606785413287674.jpg

    དེ་རིང་སྟེ་སྤྱི་ཟླ་༡༡པའི་ཚེས་༣༠ཉིན་གྱི་སྔ་དྲོ་ཕྱག་ཚོད་༡༠•༠༠པའི་ཐོག་བསླབ་གསུམ་བསྟན་པའི་བདག་ཉིད་དགོན་འདིའི་བླ་རབས་ཉེར་བདུན་པ ༧ སྐྱབས་རྗེ་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དབུ་མགོན་དུ་བཞུགས་ནས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་ནང་དབང་བསྐུལ་བར་མཛད།

1606785591328048.jpg

    དེ་ནས་ཕྱག་ཚོད་༡༡ཐོག་དད་ལྡན་ལྷ་སྡེ་རྣམས་ལ་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་གཤར་དབང་བསྐུར་བར་མཛད་དེ། དད་ལྡན་ལྷ་སྡེ་རྣམས་ཀྱིས་ལག་ཏུ་ལྷ་རེག་དཀར་པོ་རེ་ཐོགས་ཏེ་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་མདུན་ནས་རང་འགུལ་གྱིས་དབང་དམ་ཁས་ལེན་དུ། སྔོན་འགྲོ་དངོས་གཞི། རྩ་རླུང་མུན་མཚམས།  ཆང་ཨ་རག  ཐ་མ་སྣ་ཐ། སྲོག་བླུ་ཚེ་ཐར། དར་ལྕོག་རྡོ་འབུམ། སྐོར་བརྒྱ་རྐྱང་ཕྱག་ཁས་བླངས་པ་སོགས་ཀྱིས་དགེ་ཚོགས་དྲི་མེད་པའི་འོད་རླབས་ཀྱི་ལི་ལིས་ནམ་མཁའི་མཐར་ཁྱབ་པར་བྱས།   དུས་ཚོད་༥•༠༠པའི་ཐོག་༧དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་དང་། ༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་དབུ་བཞུགས་ཐོག་བསླབ་གསུམ་འདུས་པ་ཡོངས་ནས་གནས་སྦྱོང་ཉི་ཟེར་ཞགས་པའི་བྱང་ཆོག་རྒྱས་པར་བཞུས་ཏེ་ཉིན་བརྒྱད་པའི་མཛད་སྒོ་མཇུག་ལེགས་པར་གྲུབ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།