༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
རྩོམ་དེབ་གསར་པ་འགྲེམ་སྤེལ་བརྡ་སྦྱོར།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-06-26] [རྩོམ་པ་པོ།:སྤུ་ཟེའི་དར་རྒོད།] [གཟིགས་ཐེངས:]

1593179287746258.png

          ༧  སྤྱིར་ཚན་འཕྲུལ་རིག་རྩལ་སོགས་ཤེས་རིག་སྣ་མང་ལ་བློ་ཁ་གཞོལ་བའི་ཉེར་གཅིག་གི་དུས་རབས་འདིར།  ཕྱོགས་གང་ཐད་ནས་མི་རིགས་རིག་གཞུང་གི་འགྲན་རྩོམ་སྣ་ཚོགས་ཆར་ཤུལ་གྱི་མྱུ་གུ་བཞིན་སྤེལ་དང་སྤེལ་མུས་ལ་ཡི་རང་བ་དང་བཅས།  འདིར་རྣམ་དཔྱོད་ཀྱིས་བསྲིང་བའི་སྨྱུག་གཞོན་པ་ཚངས་སྲས་འཇིགས་མེད་ལགས་ཀྱི་ཆེད་དེབ་འདི་གཉིས་རིགས་ཞེན་དང་བརྩོན་སེམས་ཀྱིས་བསྐྲུན་ཚུལ་ལ་བསམ་ན་དཔེ་ལྟ་དང་བསྔགས་པར་བྱ་བའི་གནས་སུ་ཁུམས།

         ད་ལན་ཁོང་གི་སྙན་རྩོམ་༼   དབྱངས་གསལ་བསླས་མ། ༽   ཞེས་པ་འདི་ཉིད་དཔེ་མང་གསེད་བཀྲོལ་གྱི་བལ་གསེབ་ནས་བཙལ་ཞིང་།  མཉེན་འཇམ་དབྱངས་གསལ་གྱི་དར་སྐུད་བསྒྲིལ་ཏེ།  དྲན་འཆར་ཚོར་རྟོག་གི་དབྱངས་ཀྱིས་མཛེས་པར་བསླས་ནས་ཐགས་ཤལ་གསུམ་གྱི་བདག་ཉིད་དུ་བཙེམས་པའི་རིན་ཆེན་སྒྲོམ་བུ་ཞིག་ཏུ་ངེས།

1593179371208976.jpg

          ཡང་༼    བརྡ་སྤྲོད་པའི་ཚུལ་ཉིད་གསལ་བར་བྱེད་པ་འཕྲུལ་གྱི་ལྡེ་མིག ༽    ཞེས་པ་འདི་འབྱུང་ཁམས་ཚིག་ཕྲད་ཀྱི་སྦྱོར་བའི་གཞུང་རྟ་ལ།  བྱ་བྱེད་དུས་གསུམ་གྱི་སྐད་གདངས་ལས་གྲོལ་བའི་གཞུང་མང་གི་ཉིང་བཅུད་ལྟ་བུར་ཐུན་མིན་འཆད་ཐབས་ཀྱིས་འགྲེལ་བའི་འགོ་ཚོམ་ཞིག་བཅས་དཔེ་དེབ་འདི་གཉིས། སློབ་གླིང་ཞིག་གི་བར་གསེང་དང་དགོང་ཞོགས་ཀྱི་ཐུན་མཚམས་ལས་བཏུས་པའི་ཞོར་རྩོམ་ཞིག་ཏུ་ལགས་ཕྱིར་རྩོམ་ཁ་མཐུག་མིན་དང་རྩོམ་དོན་ཟབ་མིན་གྱི་ཚད་ཐིག་འདི་ཞེས་འཇོག་མི་ཤེས་ཀྱང་སློབ་བརྩོན་ཡར་བསྐུལ་གྱི་ཅོང་བརྡ་ཞིག་ཏུ་ངེས་ཕྱིར་བྱེད་པོ་ཁོང་ལ་རྒྱབ་སྐྱོར་དང་ཡིད་སྨོན་ལོས་ཀྱང་ཞུ།  ཡང་སྐྱར་གཏན་སྙན་ཞིག་ལ་སང་ཉིན་ཏེ་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༦པའི་ཚེས་༢༧-༢༨ཉིན་གཉིས་ལ་དྲ་ལམ་དུ་དཔེ་དེབ་སྒོ་འབྱེད་ཀྱི་སྟ་གོན་གཉེར་བཞིན་ཡིན་ལ།  སྒོ་འབྱེད་འདིའི་ཐོག་རྒྱལ་ཕྱི་ནང་ལ་མིང་དུ་གྲགས་པའི་དཔྱོད་ལྡན་མང་པོ་ཞིག་ལ་གདན་ཆ་ཕུལ་འདུག  དེ་ནང་གདན་ཞུས་པ་གཙོ་བོ་བླ་མ་ཀུན་གསལ་སྙིང་པོ།  འབུམ་རམས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར།  དགེ་བཤེས་དྲང་སྲོང་རྣམ་རྒྱལ།  དབྲ་ཁྱུང་སྐལ་བཟང་ནོར་བུ།  དགེ་བཤེས་ཡོན་ཏན་ཕུན་ཚོགས།  དགེ་བཤེས་ཁྲི་གཡུང་དྲུང་།  དགེ་བཤེས་བསྟན་འཛིན་རྣམ་རྒྱལ།  དགེ་བཤེས་ཀ་ཤུལ་བསོད་རིན།  དགེ་བཤེས་བསོད་ནམས་ཚུལ་ཁྲིམས།  འབུམ་རམས་པ་གཡུང་དྲུང་བཀྲ་ཤིས།  རྒན་གཟི་མིག་དགུ་པ་བཅས་དང་དེ་བཞིན་མདོ་འཛིན་པ་སོགས་མང་པོ་ཞིག་གིས་བཀའ་མོལ་དང་བསླབ་སྟོན་གྱི་གྲ་སྒྲིག་རྒྱས་པ་གནང་ཡོད་པས།  ཕྱོགས་མཐའི་ཤེས་ལྡན་སློབ་གཉེར་ལ་དང་བ་ཡོད་ཅིང་གསུང་གླེང་ལ་ཉན་པར་སྤྲོ་བ་དག་དྲ་ཚིགས་སུ་ཕེབས་པར་འཚལ།  དེ་དང་ཆབས་གཅིག་ཀློག་པ་པོ་དག་གི་བསམ་འདུན་དང་འཚམས་པའི་རེ་སྨོན་དང་འབྲེལ་ཁྱེད་ཚོའི་སྤྱར་སྔར་ལམ་སང་འགྲེམ་སྤེལ་ཐུབ་པའི་འདུ་བྱེད་ལ་སྦྱོར་བཞིན་འདུག

          ཟུར་དུ་དཔེ་དེབ་པར་སྐྲུན་གྱི་སྦྱིན་བདག་ག་གཟི་ནོར་བུ་བཀྲ་ཤིས་ཉིད་ལ་ཐུགས་རྗེ་སེགས་གསོལ་ཞུ་བ་དང་འབྲེལ་ནམ་ཡང་ལས་བསོད་དབང་ཀླུང་རྒྱས་པའི་སྨོན་འདུན་ཞུ།།

དཔྱད་སྟོབས་བརྩོན་པས་ག༵་ཤད་བྱས་པ་ཡི།། 

རིན་ཆེན་གཟི༵་འོད་འཕྲོ་བའི་དཔེ་དེབ་ཟུང་།། 

རིགས་ཞེན་ནོ༵ར་བུ༵་ཁོང་གི་ཕྱག་ཡངས་པོས།།

སྦྱིན་བདག་བཟུང་བར་བཀྲ༵་ཤི༵ས་ཁ་གཡང་འཇོག།

     ༢༠༢༠-༦-༢༦ཉིན་མཚམས་སྦྱོར་མདོར་བསྡུས་སུ་སྤུ་ཟེའི་དར་རྒོད་ནས།

 1593179400999769.jpg

རྩོམ་པ་པོ་ཚངས་སྲས་འཇིགས་མེད་མཆོག

1593179451578470.jpg

དེབ་འདིའི་སྦྱིན་བདག་ག་གཟི་ནོར་བུ་བཀྲ་ཤིས་ལགས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།