༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
རྗེ་བླ་མ་མཆོག་ཉེ་ཆར་ཤར་མི་ཉག་ཕྱོགས་སུ་ཆིབས་ཞལ་བསྐྱངས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-01-19] [རྩོམ་པ་པོ།:འཕྲུལ་མདའ།] [གཟིགས་ཐེངས:]

སྟེང་དགོན་ཁྲི་འཛིན་བླ་མ་༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ཤར་མི་ཉལ་ཡུལ་དུ་ཆིབས་བསྐྱོད་གནང་བའི་སྐོར།


1579435664720548.jpg


འཆད་ན་མགྲིན་པ་ཚངས་པའི་སྲས་མོ་དང་།།

གཉིས་སུ་མེད་པའི་སྨྲ་བའི་ཟླ་བ་གང་།།

ཞབས་སོར་ཤར་མཐར་བཀོད་པའི་གསར་འཕྲིན་འདི།།

བསྟན་གཅེས་ལྷ་མི་དགའ་བའི་སྐྱེས་སུ་བཏེགས།།

 

ཟབ་ཡངས་མཉམ་མེད་བླ་མའི་དགོངས་རྟོགས་སྨིན།།

མྱོང་རྟོགས་གྲུབ་དབང་བླ་མའི་མཁྱེན་རླབས་འཁྲུངས།།

གསང་བདག་གྲུབ་བརྙེས་སྟོང་གི་རྟོགས་གྲོལ་སྲས།།

ཁྱུང་དགོན་ཁྲི་འཛིན་འོད་ཟེར་སྦྱིན་པར་བསྔགས།།

 

གྱེར་བསྟན་གྲོག་མའི་སྐེད་པར་འགྲན་པའི་དུས།།

བསམ་བཞིན་པཎ་གྲུབ་སྟོང་གི་ཐུགས་སྨོན་དཔུང་།།

གཅིག་བསྡུས་གྲུབ་རིགས་བྱེ་བའི་དབུས་དཀྱིལ་ནས།།

ཆེད་མངགས་དུས་མཐའི་སྟོན་པ་ཁྱེད་ཉིད་རྒྱལ།།



ཁྱེད་ཀྱི་གསེར་ཞལ་ས་ཕྱོགས་གང་བསྒྱུར་ན།།

གདུལ་བྱ་གྲོལ་བའི་ལྗགས་ཀྱི་བྱིན་རླབས་ཡོད།།

བསྟན་རྩར་སྨིན་པའི་འབྱོར་བའི་དཔུང་ཤེད་ཡོད།།

བསྟན་འཛིན་གྲོད་པ་བསྐང་བའི་རོགས་རམ་ཡོད།།


ཀོང་ཙེ་རྒྱལ་པོས་མུ་ཁྱུད་མཚོ་གླིང་དུ།།

དཀར་ནག་བཀྲ་གསལ་དཔེ་ཁང་བསྐྲུན་པ་བཞིན།།

འོད་ཟེར་སྦྱིན་པས་གོ་ལའི་ཤར་ནུབ་ཏུ།།

སྒོ་བཞི་མཛོད་ལྔའི་དཔེ་རྒྱུན་ཕྱུག་པར་བྱས།།

 

ཡིད་ཀྱི་ཁྱེའུ་ཆུང་འབྲུག་རྟ་བཅིབས་ནས་ནི།།

ཧོས་ཡུལ་བོན་གྱིས་འགྲོ་དོན་མཛད་པ་ལྟར།།

རྒྱ་མཚོ་བླ་མ་ཆིབས་འཁོར་བཞུགས་ནས་ནི།།

ཡུལ་མཐར་ཁག་ཏུ་གྱེར་བསྟན་གསལ་བར་བྱས།།


 1579443781764552.jpg

1579447024744086.jpg


     མི་ཉག་བརྒྱད་ཟིལ་རྫོང་དམུ་རྒོད་དགོན་ཐོག་མ་ཉམས་གསོ་མཁན་ཤར་ཁྱུང་བྱ་སྤྲུལ་ཀྲང་ཅ་རིན་པོ་ཆེ་རིག་འཛིན་ཀུན་གསལ་དགྱེས་པའི་བློ་གྲོས་རྒྱ་མཚོ་མཆོག་ནི།  སྤྱི་ལོ་༡༩༦༩ལོར་སི་ཁྲོན་དཀར་མཛེས་བོད་རིག་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་སྐུ་འཁྲུངས།  དགུང་ལོ་༦པའི་ཐོག་རྒྱལ་རོང་མཁན་པོ་ཨ་ཁྲིམས་བླ་མའི་མདུན་དུ་བོན་གཞུང་སྦྱངས།  དགུང་ལོ་༡༢ཐོག་བླ་མ་ཨ་གཡུང་རིན་པོ་ཆེ་མདུན་ནས་སྡོམ་པ་མནོས་ཤིང་།  བོན་ལུགས་རྫོགས་པ་ཆེན་པོ་གསན་བསམ་མཛད།  ༡༩༩༣ལོར་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ལས་མཐར་ཕྱིན།  ༡༩༩༥ལོར་བརྒྱད་ཟིལ་རྫོང་འབྲས་ལུང་དགོནཔའི་ཤར་ཁྱུང་བྱ་སྤྲུལ་ཀྲང་ཅ་རིན་པོ་ཆེ་སྐལ་བཟང་རོལ་པའི་གྲགས་པ་རྒྱ་མཚོ་སྐུ་འཕྲེང་བདུན་པའི་ཡང་སྲིད་དུ་ངོས་བཟུང་།  ༡༩༩༩ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐར་ཕྱིན།  ད་ལྟ་ཞང་ཞུང་རིག་གནས་དག་སྒྲིག་དང་ཞིབ་འཇུག་བྱེད་བཞིན་ཡོད།།


1579495608380955.jpg


རྒྱལ་ཁྱུང་དཀར་པོའི་སྐྱབས་ཀྱི་མཆོད་གནས་དམ་པ་མདོ་ཁམས་ཀྱི་གཤེན་སྡེ་ཆེན་མོ་དཔལ་ལྡན་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་བླ་མ་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་སྟོན་འཁོར་རྣམས་ཤར་མི་ཉག་བརྒྱད་ཟིལ་རྫོང་ཁོངས་སུ་གནས་གཞིས་ཆགས་པའི་བོན་སྡེ་དམུ་རྒོད་དགོན་པའི་མཁན་པོ་ཚེ་རིང་ཕུན་ཚོགས་མཆོག་དང་«མཁན་པོ་ཚེ་རིང་ཕུན་ཚོགས་མཆོག་ནི་སྤྱི་ལོ་ 1977 ལོར་ཁམས་མི་ཉག་འབྲས་ལུང་དགོན་པའི་འོག་སྡེ་རུ་སྐུ་འཁྲུངས་ཤིང་།  ཉིས་སྟོང་བཞི་ལོར་༧དཔལ་ལྡན་སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྐུ་མདུན་ནས་རབ་བྱུང་བསྒྲུབས་ནས་ལོ་དེར་སྟེང་དགོན་སྒྲུབ་གྲྭར་ཞུགས།  རིམ་བཞིན་རྩ་བའི་བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་གཙོར་བྱས་སྟེང་དགོན་མཁན་སློབ་རྣམ་པའི་དྲུང་ནས་བོན་སྒོ་ཕྱི་ནང་གསང་གསུམ་ལ་ཐོས་སྒོམ་ཟུང་འབྲེལ་གྱིས་འབྲས་རྟགས་བཞག་སྟེ་ཉིས་སྟོང་བརྒྱད་ལོར་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པའི་མཚན་རྟགས་བཞེས།   སླར་ཡང་རང་ཡུལ་ལ་ཕེབས་ནས་བརྒྱད་ཟིལ་རྫོང་དམུ་རྒོད་དགོན་པའི་མཁན་པོ་དང་ཀྲུའུ་རེན་ཐུགས་འགན་ཁུར་ནས་ཡུལ་དེ་གར་དགོན་དང་རི་ཁྲོད་གསུམ་ཙམ་གསར་བཞེངས་མཛད་པ་དང་།  གཞན་ཡང་དད་ལྡན་རྣམས་ཀྱི་དད་པའི་རྟེན་དུ་མཆོད་རྟེན་གྲངས་མང་དང་།  འཁོར་ཁང་མང་པོ་གསར་དུ་བཞེངས་ནས་ཡུལ་དུས་བབ་བསྟུན་གྱིས་སྟོན་པའི་ཁུར་ཆེན་བདག་གིར་བཞེས་ཏེ་ཡུལ་མི་རྣམས་ལ་བོན་སྤྱོད་དགེ་བའི་བསྐུལ་མ་གནང་མུས་བཅས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལ་བྲེལ་བཞིན་མཆིས་སོ།།» «མི་ཉག་གྲྭ་པ་ཤེས་རབ་རྣམ་དག་མཆོག་ནི་སྟེང་དགོན་སྒྲུབ་གྲྭར་ཞུགས་ཤིང་ཐོས་བསམ་ཡུན་རིང་བསྐྱངས་མཐར་ད་ལྟར་མཁན་པོ་ཚེ་རིང་ཕུན་ཚོགས་དང་ལྷན་དམུ་རྒོད་དགོན་པའི་ཀྲུའུ་རེན་གཞོན་པའི་འགན་ཁུར་ནས་ལས་དོན་ཕྲ་རགས་ལ་འབད་མུས་སུ་བཞུགས་ཡོད་དོ་»གྲྭ་པ་ཤེས་རབ་རྣམ་དག་གཙོར་བྱས་པའི་སྡེ་དགོན་ཐུན་མོང་གིས་དགོན་འདིའི་སྒྲུབ་མཆོད་ཨ་དཀར་བུམ་སྒྲུབ་ཀྱི་ཚོགས་མགོན་དུ་ངེས་ཕེབས་དགོས་པའི་གསོལ་བ་ནན་གྱིས་བཏབ་དོན་བཞིན།  རྗེ་བླ་མ་མཆོག་ལྷ་ལྡན་གནས་འཁོད་ཀྱི་དད་ལྡན་རྣམ་པའི་རེ་འདོད་ལྟར་དབུས་ཉི་མ་ལྷ་སར་ཨ་དཀར་བུམ་སྒྲུབ་ཐེངས་དགུ་པའི་ཚོགས་དབུས་སུ་རྣམ་དཀར་དགེ་བའི་མཛད་རིམ་ཁག་ལེགས་པར་གྲུབ་པ་དང་།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་མཚམས།  དབུས་འགྱུར་ལྷ་ལྡན་ཞིང་ནས་ཁྲིན་ཏུར་མཁའ་ལམ་བརྒྱུད་ནས་ཆིབས་ཞལ་བསྐྱངས་ཤིང་།  ཁྲིན་ཏུའུ་ནས་སྐྱབས་རྗེ་བླ་མ་སྟོན་འཁོར་དང་བཅས་ཁམས་དར་མདོ་བརྒྱུད།


1579497775570928.jpg

1579437196535897.jpg

1579443827230986.jpg

1579445282340319.jpg


སྤྱི་ཚེས་༡༦ཉིན་བརྒྱད་ཟིལ་རྫོང་དམུ་རྒོད་དགོན་དུ་ཞབས་སོར་བཀོད།  དམུ་རྒོད་དགོན་པའི་ཉེ་སར་ཕེབས་འཕྲལ།  བླ་མ་མཆོག་གི་ཐུགས་སྲས་དགོན་དེ་གའི་མཁན་པོ་ཚེ་རིང་ཕུན་ཚོགས་དང་གྲྭ་ཤེས་རབ་རྣམ་དག་གཙོར་བྱས་པའི་སེར་སྐྱ་མི་དམངས་ཡོངས་ཀྱིས་ཆིབས་འཁོར་ཀྱི་རུ་བསྟར་ལུ་གུ་བརྒྱུད་ལྟར་བསྒྲིགས་ཤིང་།  དར་ཚོན་ཁ་དོག་འདྲ་མིན་དང་།  ཤིས་བརྗོད་ལེགས་མཚོན་གྱི་སྦྱར་ཡིག་སྣ་མང་ལམ་བར་དུ་འཕྲེད་ཀྱིས་བཀལ་ནས་བསང་དུད་ལང་ལོང་འཕྱུར་བའི་ཀློང་ནས་ཕེབས་བསུ་ཞུ་བ་དང་སྦྲགས།  གདོད་མ་ནས་དད་མོས་གོམས་སྲོལ་ལ་འགྱུར་བ་ཆེར་མ་ཐེབས་པའི་ཡུལ་དེ་གའི་གཞིས་སྐྱེས་དད་འབངས་རྣམས་ཀྱིས་དད་དུང་སྤྲོ་བ་ཟབ་མོས་༧སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་།  མཆོག་སྤྲུལ་བསྟན་འཛིན་བཟོད་པ་གཙོར་བྱས་པའི་སྟོན་འཁོར་ཡོངས་ལ་ལམ་བར་ཁག་ནས་མཇལ་བཅར་ཟབ་རྒྱས་ཞུས།


1579447719937652.jpg


1579437334434705.jpg

1579437424735054.jpg

1579437452718914.jpg


དེ་མཚམས་འདུས་པ་སྤྱི་ནས་དུང་ཆ་རྒྱ་གླིང་གི་སེར་ཕྲེང་རུ་བསྟར་བསྒྲིགས་ཤིང་སྟོན་འཁོར་རྣམས་དམུ་རྒོད་དགོན་པའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ནས།  མི་འཇིགས་སེང་གེས་བཏེགས་པའི་ཁྲི་ལ་འཁོད་འཕྲལ།  སེར་སྐྱ་ཡོངས་ཀྱིས་དད་སྤྲོ་འདུན་པ་ཟབ་མོས་བླ་མ་མཉེས་པའི་མཆོད་སྤྲིན་ཟབ་རྒྱས་ཞུས།


1579445344291416.jpg

1579437536895372.jpg

༧ གཡུང་དྲུང་སྤུངས་པའི་མཆོད་རྟེན་༡༡༣ཡོད།


1579445754901802.jpg

གཡུང་དྲུང་བཀོད་ལེགས་མཆོད་པའི་རྟེན།

སྤྱི་ཚེས་༡༧ཉིན་རྗེ་བླ་མ་མཆོག་གིས་ཤར་མི་ཉག་དམུ་རྒོད་དགོན་པའི་ཐུགས་རྟེན་གཡུང་དྲུང་སྤུངས་པའི་མཆོད་རྟེན་དང་།  གཡུང་དྲུང་བཀོད་ལེགས་མཆོད་རྟེན་གཞིར་བྱས་གནས་གཞི་གསར་རྙིང་ཁག་དང་།  སྐུ་གསུང་ཐུགས་རྟེན་རྣམས་ལ་ཁྲུས་གསོལ་མངའ་དབུལ་རབ་གནས་ཀྱིས་བྱིན་རླབས་འཇུག་པའི་ཐུགས་སྨོན་རྒྱ་ཆེར་མཛད་པ་དང་།  བླ་མ་རིན་པོ་ཆེ་མཆོག་ནས་དམུ་རྒོད་དགོན་དུ་རྒྱལ་བའི་བཀའ་འགྱུར་དེབ་པོད་ཚར་གཉིས།  བརྟེན་འགྱུར་ཚར་གཅིག  སྒ་སྟོན་གསུང་འབུམ་ཚར་གཉིས།  ཚུལ་རྒྱན་པའི་གསུང་འབུམ་ཚར་གཅིག  གཡུང་དྲུང་བོན་གྱི་ཙཀླི་ཕྱོགས་བསྒྲིགས་གཅིག་བཅས་བརྟན་བཞག་མཛད་པ་དང་བླ་གྲྭ་རྣམ་ལ་མང་ཇ་སྐུ་འགྱེད་ཕུལ་རྗེས།  ཡུལ་བས་མཐར་གནས་པའི་ལྷ་སྡེ་འདི་དག་གི་ཡུལ་མི་རྣམས་ཀྱི་རྒྱུད་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་སྒོས་སུ་རྗེ་མཉམ་མེད་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གཅེས་ཉར་ཡོངས་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་དང་བཀའ་གྲོས་འཛུབ་སྟོན་ཟབ་རྒྱས་མཛད།  ཉིན་འདིར་གཞིས་སྐྱེས་ཀྱི་ཡུལ་མི་རྣམས་ལ་རང་གི་ལུང་པའི་ཕ་སྐད་མ་ཉམས་པར་སྔར་བཞིན་སྨྲ་མུས་ཡིན་མོད།  ཡོངས་ཁྱབ་ཏུ་སྤྱོད་ཤུགས་ཆེ་བའི་དབུས་དང་ཨ་མདོ་ཁམས་སྐད་ལྟ་བུ་ཡིས་བརྡ་དོན་མི་འཕྲོད་པའི་གནས་སྟངས་ལ་བརྟེན་ནས།  མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བཟོད་པ་མཆོག་གིས་རྒྱ་སྐད་ཀྱི་ལམ་ནས།  སྙིང་པོ་རྣམ་གསུམ་གྱི་ཕན་ཡོན་དང་།  དགེ་སྡིག་སྤང་བླང་སྐོར་ནས་སེར་སྐྱ་ཡོངས་ལ་དུས་ཚོད་གཉིས་ལྷག་ལ་བོན་འཆད་རྒྱ་ཆེར་མཛད་ཅིང་།  མཁན་པོ་ཚེ་རིང་ཕུན་ཚོགས་ཀྱིས་ལོ་ཙཱ་བརྒྱུད་ནས།  རྗེ་བླ་མ་མཆོག་གིས་མྱོང་རྒྱུད་དམར་ཐག་ཆོད་པའི་སྒོ་ནས་གདམས་པའི་འདི་ཕྱིར་གཉིས་སྨར་གྱི་ཞལ་གདམས་ཕན་རླབས་ཆེ་བ་དག་ཡུལ་མི་རྣམས་ཀྱིས་རྣ་བའི་སྤྱི་རྒྱན་དུ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོ་ཐོབ་ཅིང་།  དགའ་དད་མོས་གསུམ་གྱིས་ཕྱུག་པའི་ལྷ་འབངས་རྣམས་ལ་སྔོན་འགྲོ་འབུམ་དགུའི་ལུང་རྒྱུན་རྗེས་གནང་བཀའ་དྲིན་བསྩལ་ཞིང་།  མངོན་མཐོ་དང་ངེས་ལེགས་འགྲོ་བའི་རྣམ་དཀར་དགེ་བའི་ས་བོན་ལེགས་པར་བསྐྲུན་པ་མ་ཟད།  དད་ལྡན་རྣམས་ཟད་པ་མེད་པའི་བཅོས་མིན་དགའ་སྤྲོའི་འཛུམ་མདངས་ཀྱིས་ཕྱུག་པར་མཛད་པ་འདི་ནི་བླ་མའི་གདམས་ངག་རང་རྒྱུད་ལ་འབྱོར་བའི་འབྲས་རྟགས་ཡང་དག་ཏུ་འཁུམས་སོ།།

 ཕྱི་དྲོའི་དུས་སུ་གསུར་ཆེན་བཏབ་སྟེ་གནས་འདིར་འཁོད་པའི་དངོས་སྣང་དངོས་མེད་ཀྱི་ལྷ་འདྲེ་མི་གསུམ་དང་རིགས་དྲུག་བར་དོ་དང་བཅས་པའི་འགྲོ་བ་སེམས་ཅན་རྣམས་ཡིད་ཀྱི་གདུང་བ་སེལ་ཞིང་།  འཁོར་གསུམ་དམིགས་མེད་ཀྱིས་ཟིན་པའི་སྒོ་ནས་ཐུགས་སྨོན་རྒྱ་ཆེར་མཛད།

སྤྱི་ཚེས་༡༨ ཉིན་གྱི་ཞོགས་ཀར་རྗེ་བླ་མ་མཆོག་གིས་གསོན་དགེ་རིམ་གྲོ་དང་གཤིན་པོར་དགེ་རྩའི་ཆེད་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བྱང་ཆོག་བཞུས་མཛད་པ་དང་།

1579438799936727.jpg


རིག་འཛིན་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་བཟོད་པ་མཆོག་གིས་རྒྱ་སྐད་ལམ་ནས་དགོན་འདིའི་སེར་སྐྱ་མི་དམངས་ཡོངས་ལ་བོན་གྱི་འཇུག་སྒོ་སྐྱབས་འགྲོ་སྐོར་ནས་བོན་ཁྲིད་ཟབ་རྒྱས་བཀའ་དྲིན་བསྩལ།  


1579439034385251.jpg

1579439825607001.jpg

1579440826179939.jpg

1579440860323151.jpg

1579440881523728.jpg

1579440903815741.jpg

1579440924937780.jpg

1579441231160559.jpg

1579441255263776.jpg

1579446478641460.jpg

1579446721769840.jpg

1579505850240101.jpg

ཕྱི་དྲོར་རྗེ་བླ་མ་མཆོག་གིས་དགོན་འདིའི་དད་ལྡན་སེར་སྐྱ་ཡོངས་དང་།  བོད་རྒྱ་དབྱིས་ཀྱི་མི་རིགས་མཚོན་པའི་དད་ལྡན་རྣམས་ཆེད་དུ་དབང་ཞུ་ཁར་བཅར་བ་རྣམས་ལ་དམུ་རྒོད་དགོན་པའི་འདུ་ཁང་གི་འཆམ་རའི་ནང་དུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བཀའ་དབང་རྒྱས་བསྐུར་གནང་བ་དང་།  དབང་བཤད་སྐབས་སུ་ཆེད་དུ་བོན་གྱི་ཟབ་ཁྱད་རྨད་པོ་ཆེ་དག་ཡུལ་མི་རྣམས་ལ་ཞིབ་དཀྲོལ་མཛད་པ་དང་།  རིན་པོ་ཆེ་མཆོག་གིས་ཞལ་གདམས་གནད་ཅན་གང་བསྩལ་བ་རྣམས་ཆད་ལྷག་བུག་གསུམ་གང་ཡང་མེད་པའི་སྒོ་ནས་མཁན་པོ་ཚེ་རིང་ཕུན་ཚོགས་མཆོག་གིས་རྒྱ་སྐད་ཀྱི་ལམ་ནས་ལོ་ཙཱས་སྒྲོག་བསྒྱུར་མཛད་པས།   དད་ལྡན་རྣམས་ཀྱི་རྣ་བས་ཐོས་ཤིང་ཡིད་ལ་ཉར་ནས་གདམས་ངག་གིས་མགུ་ཁ་ཡོངས་སུ་བསྐངས་པར་མཛད།  དགོན་འདིར་བཞུགས་རིང་སྐྱབས་རྗེ་བླ་མ་སྟོན་འཁོར་དང་བཅས་པ་མཇལ་བཅར་ཞུ་མཁན་རྣམས་ཉིན་མཚན་ཁྱད་མེད་ཀྱིས་འགྲོ་འོང་རྒོད་ཅིང་།  དད་ལྡན་རྣམས་ལ་བླ་མ་བཟང་པོའི་བྱིན་རླབས་ཀྱི་གཟི་དཔལ་དེ་ཉིད།  དད་པའི་ཞིང་ས་གཤིན་པོར་སྟོབས་ཀྱིས་སྨིན་ཡོད་པའི་དངོས་མཚན་ཉམས་སྣང་དགའ་འོས་པ་བྱུང་འདུག་པ་འདི།  བོན་གྱི་ཆེ་བ་དང་བླ་མའི་ཐུགས་རྗེ་ཡིན་པར་ཕྲན་གྱི་མྱོང་བའི་ངོར་གྲུབ་པའོ།།


1579494626780845.jpg


1579446914770267.jpg

ཉིན་དེའི་དགོང་མོར་བླ་སློབ་རྣམས་དང་གནད་ཡོད་མི་སྣ་ཁག་མཉམ་འཛོམས་ཐོག་དགོན་པ་ངོས་ནས་དགའ་སྤྲོ་གཏང་རག་གྲ་རྒྱས་པ་བརྒྱད་ཟིལ་རྫོང་ནང་དུ་བཤམས་ཤིང་།  བསྟན་པའི་མཆོད་གནས་དང་བསྟན་སྦྱིན་རྣམས་ཕན་ཚུན་ཐུགས་དགྱེས་ཚོར་ཆེན་པོས་གསུང་མོལ་དང་སྦྲགས་གསོལ་སྟོན་ལ་རོལ་ཞིང་།  ད་ཐེངས་རྗེ་བླ་མ་སྐུ་འཁོར་རྣམས་ཤར་མི་ཉག་ཕྱོགས་སུ་བཀའ་འཁོར་ཆིབས་བསྐྱོད་མཛད་ནས་རྒྱལ་ཁམས་བོན་གྱིས་ཕྱུག་པར་གནང་ཞིང་།  ལས་དང་སྨོན་ལམ་གྱིས་འབྲེལ་འཇོག་ཟབ་པའི་ལྷ་འབངས་རྣམས་ཀྱི་རྒྱུད་ལ་དྲུང་མུ་གྱེར་གྱི་ཆེ་རྒུ་ལེགས་བྱས་རྣམ་དཀར་དགེ་བའི་ས་བོན་དཔངས་མཐོ་བ་བཞག་པའི་རླབས་ཆེན་གྱི་ལས་དོན་ཁག་རེ་ཞིག་ཁ་དགེ་བཀྲ་ཤིས་བདེ་ལེགས་ངང་དུ་མཇུག་གྲུབ་པའོ།།

 1579504991745338.jpg

སྐུ་དགྱེས་འཛུམ་ཤིགས་སེ་གང་ཕེབས་ན།།

ཡུལ་དེ་གའི་མི་ལ་དགའ་ཉམས་ཤར།།

གསུང་སྒྲོས་གཙང་དག་མོས་བོན་འཆད་ན།།

བོན་རྣ་སྦུབས་འབྱོར་ནས་དགོད་སྒྲས་ཁེངས།།

 

བསྟན་འཛིན་སྐྱེས་མཆོག་གང་ཕེབས་ན།།

བསྟན་སྲུང་སྲིད་རྒྱལ་སྐྱེལ་མ་ཡོད།།

བསྟན་བདག་བླ་མ་གང་འབྱོར་ན།།

བསྟན་གཅེས་ལྷ་མིས་བསུ་མ་ཡོད།།

 

སེམས་ཅན་བདེ་རྩ་རྒྱལ་བསྟན་དར་ལ་རག།

རྒྱལ་བསྟན་དར་མིན་བླ་མའི་ཇུས་ལ་རག།

དེས་ན་རྒྱལ་བསྟན་འགྲོ་ཁམས་གནས་ཆེད་དུ།།

ཁྱེད་སྐུ་མི་འགྱུར་སྲིད་མཐར་བཞུགས་ཤིག་ཀྱེ།།


      ཅེས་ཚིགས་སུ་བཅད་དེ་བླ་མའི་ཞབས་འབྲང་པ་ཕྲན་ཚ་བའི་འཕྲུལ་མདའ་ཡིས་གསར་འཕྲིན་མཇུག་བསྡུས་པའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།