༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
གཡུང་དྲུང་བོན་གྱི་བརྟེན་འགྱུར་སྤུས་ལེགས་སྒོ་འབྱེད་བྱས་པ།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2018-08-28] [རྩོམ་པ་པོ།:མི་དགེ] [གཟིགས་ཐེངས:]

གཡུང་དྲུང་བོན་གྱི་བརྟེན་འགྱུར་སྤུས་ལེགས་སྒོ་འབྱེད་བྱས་པ།


     དཀར་མདོག་གི་རི་བོ་མཁའ་ལ་འཕགས་པའི་གངས་དཀར་ཏི་སེའི་པང་དུ་གནས་སྡོད་བྱེད་པའི་ཁ་བ་གངས་ཅན་པའི་མི་རྣམས་ནི་ཤེས་རིག་གི་བདག་པོ་ཞིག་སྟེ། བསྐལ་བ་ཡ་ཐོག་གི་དུས་སུ་རང་བྱུང་ཁམས་ཀྱི་སྐྱེས་དངོས་རྩི་ཤིང་གི་འབྲས་བུར་ལོངས་སུ་སྤྱོད་པ་ནས་རིམ་བཞིན་བོད་མི་རྣམས་ཀྱིས་རྩི་ཤིང་གི་སྐྱེ་འཕེལ་ལ་རྒྱུས་ལོན་བྱུང་སྟེ། སོ་ནམ་འདེབས་པའི་རིག་པ་རྙེད་པ་བརྒྱུད་གངས་ལྗོངས་ཤེས་རིག་གི་ལོ་རྒྱུས་མཁའ་འབབ་ཆུ་བོ་བཞི་ཡི་དུས་ཡུན་དང་འགྲོགས་ནས་ཡོང་ཡོད། 

     དེ་རྗེས་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་དུས་སྐབས་སུ་གངས་ལྗོངས་ཤེས་རིག་གི་ཚ་རླབས་སྔར་ལས་རྒྱས་ཏེ། དམུ་གཤེན་གྱི་གདུང་ལས་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་བོན་གྱི་བསྟན་པ་འོལ་གླིང་དུ་སྲོལ་ཕྱེས་པ་ནས་བཟུང་། གཡུང་དྲུང་བོན་ཞེས་པའི་དུས་རབས་དབུ་བརྙེས་ཤིང་ཤེས་རིག་དེ་ཉིད་མཐོ་གཙང་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་རི་བོ་ཇོ་མོ་གླང་མའི་བྲག་གསེབ་ནས་མཆེད་དེ། ཨེ་ཤ་ཡའི་ཤར་ནུབ་ཀུན་ལ་མངོན་ལྐོག་གང་རུང་ནས་རླུང་ལྟར་རྒྱུ་ཞིང་ཡོངས་སུ་ཁྱབ་པ་མ་ཟད། བོད་གངས་ལྗོངས་སྤྱི་ཡི་གཙོ་རྒྱུག་གི་རིག་གནས་ཤིག་ཏུ་ཆགས་ཏེ། དབུ་ནག་བོད་མི་ཡོངས་ཀྱི་སེམས་ལ་སིམས་ཤིང་ངག་ལ་འཇགས་ཡོད་པ་དེའོ།།

     དེ་ལྟར་ལགས་ཀྱང་། ལོ་ངོ་སྟོང་གི་དུས་རབས་རིམ་བྱུང་གི་འཕེལ་འགྲིབ་ཁྲོད་ནས་བོན་བསྟན་འདི་ཉིད་ལ་དར་རྒུད་ཀྱི་རྣམ་པ་མང་དུ་བྱུང་ཞིང། བར་སྐབས་ཤིག་ལ་ཆབ་སྲིད་ཀྱི་གནས་སྟངས་འོག་རླུང་འཚུབ་ཁྲོད་ཀྱི་དཀར་མེའི་སྣང་ཚུལ་ཡང་བརྒྱུད་ཡོད་པ་དེ་རིགས། དེ་རིང་བསྐྱར་བཤད་ཀྱི་ངལ་བ་མི་བྱ་བར་ཀུན་གྱིས་མཁྱེན་གསལ་ལྟར་དུ་ལགས། 

     ད་ལྟ་འུ་ཅག་རྣམས་ཀྱིས་སྲིད་པ་གཡུང་དྲུང་གི་བོན་བསྟན་ནམ་བོད་མི་རིགས་ཀྱི་ཁྱད་བོན་རྡུལ་ལྟར་ཆགས་པའི་རིག་གནས་འདི་ཉིད་སླར་ཡང་ལོངས་སུ་སྤྱོད་ཐུབ་པའི་སྐལ་པ་དང་ལྡན་པ་ནི། ཡབ་མེས་གོང་མ་ཚོས་རང་གི་སྐད་ཡིག་ལམ་ནས་བཞེངས་པའི་བོན་མདོ་སྔགས་རྫོགས་གསུམ་གྱི་བཀའ་བརྟེན་རི་རབ་ཙམ་དག་བསྲུངས་ཞིང་བསྐྱབས་པས་དྲིན་ལས་མ་འདས་པས། སེམས་བསམ་པའི་གདེང་ནས་བོད་གངས་ཅན་དང་བོད་གངས་ཅན་གྱི་རིག་གནས་རྣམས་ལ་ཤ་ཞེན་ངོ་མ་ཞིག་ཡོད་ན། རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཆོས་དང་རིག་གཞུང་དར་སྤེལ་གཏོང་བ་ལས་ལྷག་ཅིག་ཡོད་པའི་དཔེ་མེད་པས། སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གི་བཀའ་དགོངས་བཞིན། ད་ཐེངས་ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་རང་ནུས་ཅི་ལྕོགས་ཀྱིས། དེ་སྔོན་སྤྱི་ལོ་༢༠༡༡ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད་༡༡༥ཅན་དེ་ཉིད་སླར་ཡང་དཔེ་རྙིང་དཔེ་དཀོན་དག་འཚོལ་བསྡུ་དང་ཁ་གསབ། གོ་བསྡུར། ཞུ་དག་སོགས་ལེགས་པར་བགྱིས་ཏེ། ཁྱུང་པོའི་ཁྲ་བྲིས་ཡིག་གཟུགས་ཀྱི་ཐོག་ནས་སྤུས་ལེགས་དག་བཞེངས་ཞུས་ཏེ་དཔར་བསྐྲུན་ལེགས་གྲུབ་བྱུང་ཡོད།


666.jpg


   དེ་ཡང་སྤྱི་ཟླ་༨པའི་ཚེས་༡༨ཉིན་ཁྱུང་པོའི་ཁྲ་བྲིས་ཡིག་གཟུགས་ཐོག་ནས་སྤུས་ལེགས་དག་བཞེངས་བྱས་པའི་《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》ཏེ། བོན་གྱི་བརྟེན་འགྱུར་རིན་པོ་ཆེ་དངོས་སུ་རང་དགོན་དུ་བདེ་བླག་ངང་ཆིབས་བསུ་ཞུས་པ་རེད།


IMG_2983.JPG

IMG_2984.JPG


ཐེངས་འདིའི་མཛད་སྒོའི་ཐོག་ཏུ་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་ཚོགས་མི་དང་བོན་གཤེན་བསྭོ་སྒྲའི་རྩོམ་སྒྲིག་ལྷན་ཚོགས། ཁྱུང་པོ་དྲ་བའི་རྩོམ་སྒྲིག་ལྷན་ཚོགས། བཤད་སྒྲུབ་འདུས་པ་རྒྱ་མཚོའི་ཚོགས། བསྟན་སྦྱིན་དད་ལྡན་ལྷ་སྡེ་མང་ཚོགས་སོགས་ཞུགས་ཡོད།


IMG_7192.JPG


སྒོ་འབྱེད་བརྒྱུད་རིམ་ཀྱང་།  ཉིན་དེར་ཞོགས་པའི་ཆུ་ཚོད༩:༠༠ཐོག་ནས་དགོན་པ་དང་སྤྱི་ལེ་གསུམ་བཞི་ཙམ་གྱིས་བར་ཐག་ནས་བསང་མཆོད་བཏང་སྟེ། ལྷ་སྡེའི་གུས་ཕྱག་དང་རྟ་ཕོ་སྒ་ཆས། རླངས་འཁོར་དར་སྣས་བརྒྱན་པ་བརྒྱ་སྐོར་གྱིས་བསུས་ཤིང་། དགོན་དུ་འབྱོར་བ་དང་བཀའ་འབུམ་རབ་རྒྱས་ཁང་གི་མདུན་ནས་སེར་ཕྲེང་བསྟར་ཏེ་མཆོད་རྔ་བརྒྱ་རྩ་དང་བླ་ཆེན་དྲན་པའི་གསོལ་འདེབས་གྱེར་དབྱངས་ཞུས་སོ།།


IMG_7190.JPG


གསས་ཁང་བཀའ་འབུམ་རབ་རྒྱས་ཁང་དུ་བླ་གྲྭ་ལྷན་རྒྱས་གདན་ལ་བཞུགས་པར་མཛད་ནས་འདུས་པ་སྤྱི་ནས་འ་ཞ་གསང་བ་འདུས་པས་ཕུལ་བའི་《མཛད་པ་བཅུ་གཉིས་ཀྱི་བསྟོད་ཕྱག》གསུངས་རྗེས། དཔོན་གསས་བླ་མ་རྣམ་བཞིས་སྣང་གསལ་གྱི་སྒྲོན་མེ་སྤར་ཏེ་མདོ་འབུམ་རྒྱུད་མཛོད་བཞི་ཡི་བོན་གྱི་བཀའ་བརྟེན་ཆེན་མོ་དངོས་སུ་ཞལ་ཁེབས་ཕྱེས་ཤིང་། དབང་ལྡན་དུས་ཀྱི་འཁོར་བོའི་མངའ་དབུལ་གསུངས་ནས་བཀའ་བརྟེན་རབ་གནས་མཛད་པ་འོ།།


IMG_7199.JPG


དགེ་བཤེས་སྤྱིན་པ་གཙུག་ཕུད་མཆོག་གིས་ཐེངས་འདིའི་མཛད་སྒོ་དངོས་ཀྱི་རིམ་པ་རྣམས་ངོ་སྤྲོད་ཞུས་རྗེས། སྒྲུབ་གྲྭའི་མཁན་ནོར་བུ་རིན་པོ་ཆེས་བྲིས་གནང་མཛད་པའི་《བཀའ་བརྟེན་རིན་པོ་ཆེའི་བྱུང་བ་དང་འབྲེལ་བའི་འདི་གའི་དཔེ་སྒྲིག་ཁང་གི་བརྒྱུད་རིམ》ཞེས་པ། དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་མཆོག་གིས་སྒྲོག་སྦྱོང་ཞུས་མཚམས་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་གལ་ཆེའི་བཀའ་སློབ་ཟབ་རྒྱས་གནང་མཛད་དོ།།


IMG_7187.JPG

 IMG_7200.JPG


མཇུག་ཏུ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་ལྷ་སྡེ་མང་ཚོགས་རྣམས་ལ་བཀའ་དབང་བསྐུར་ཞིང་བཀྲ་ཤིས་སྨོན་ལམ་གྱིས་རྫོགས་སོ།།


IMG_2988.JPG


ད་ནས་ཕྱོགས་གང་སར་འགྲེམ་སྤེལ་ཞུ་འཆར་ཡོད་པས་བླུ་ཉོ་གནང་མཁན་ཀུན་གྱི་ཐུགས་ལ་ངེས་དགོས་པ་ནི། བརྟེན་འགྱུར་ཉིད་༢༠༡༨.༧.༣༠ཚུན་ནས་བླུས་ན་ཀྲུང་སྒོར་༦༩༠༠དང་། ༢༠༡༨.༨.༡ཕན་ཆད་ནས་བླུ་དགོས་ཚེ་སྒོར་༧༨༠༠ཡིན་ཞིང་། དེའི་ནང་བདལ་གླ་སྒོར་༣༩༠དེ་ཚུད་མེད། ཟུར་དུ་དགོས་མཁོ་ཡོད་ན་གླེགས་ཐག་ཆ་ཚང་༡༡༥ལ་སྒོར་༡༠༠༠དང་། དཔེ་རས་ཚར་གྲངས་༡༣༡ལ་སྒོར་༡༠༠༠། གདོང་འཛར་ཆ་ཚང་༡༡༥ལ་སྒོར་༡༠༠༠དང་གླེགས་ཤིང་སྡེབ་ཚོང་དང་སིལ་ཚོང་ལ་རིན་གོང་མི་འདྲ་བས་ཀུན་གྱིས་དེ་ལུགས་ཐུགས་ལ་འཇག་པར་ཞུ།



                                                     འབྲེལ་གཏུགས་གནང་ཡུལ། 


                 ནག་ཆུ།   བསྟན་པ་བཀྲ་ཤིས།       18889052888


                 སྟེང་ཆེན།   བསོད་བཀྲ།            13518954196

                             ཀུན་བཟང་འགྱུར་མེད།     18389071641


                 ཁྲིན་ཏུའུ།   བསྟན་པ།               18111556624



༢༠༡༨.༨.༢༨ཉིན་མི་དགེ་ནས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།