༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
བླ་མ་རྒྱང་འབོད་དབང་བཞི་མྱུར་འཇུག་པདྨོ་སྟོང་བརྩེགས་ཞེས་བྱ་བ།།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-11-05] [རྩོམ་པ་པོ།:རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]

50 (3).jpg

དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

     སྐལ་ལྡན་གང་གི་སྤྱི་གཙུག་ཏུ་དཔོན་གསས་བླ་མ་དམ་པ་དུག་ལྔ་ཐུལ་བའི་རྟགས་སུ་གཅན་ལྔས་གཏེགས་ཤིང་ཉི་ཟླ་པདྨ་མཛེས་པའི་གདན་ལ་སྐུ་རབ་བྱུང་གི་ཆ་བྱད་ཅན་དུ་བཞུགས་ནས་བདག་སོགས་ཡིད་ཅན་ཀུན་གྱི་སྡུག་བསྔལ་སེལ་ཞིང་དངོས་གྲུབ་རྣམ་གཉིས་སྟེར་བའི་མཁྱེན་བརྩེའི་བདག་ཉིད་ཅན་དུ་བསྒོམ་ལ། 

ཨེ་མ་ཧོ། མཁྱེན་པ་གཉིས་ལྡན་སྐྱབས་ཡུལ་མཐར་ཐུག།
སྤངས་རྟོགས་ཕུལ་ཕྱིན་མཁྱེན་བརྩེའི་མངའ་བདག།
བསྐལ་བཟང་སངས་རྒྱས་ཐམས་ཅད་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

སྒོ་བཞི་མཛོད་ལྔ་ལུང་གི་སྡེ་སྣོད།
དྲི་མེད་བསླབ་གསུམ་རྟོགས་པའི་དགོངས་རྩལ།
སྐྱེ་རྒུ་ཐར་ལམ་འདྲེན་པའི་བོན་མཆོག།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

གཞན་ཕན་བྱང་ཆུབ་སེམས་དཔའི་རང་གཟུགས།
ས་ལམ་ཡོན་ཏན་ཀློང་དུ་འབྱོར་བ།
བསྟན་འགྲོའི་དོན་མཛད་སེམས་དཔའ་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

སྲིད་ཞིའི་ལེགས་ཚོགས་འབྱུང་བའི་མ་མ།
རྒྱུན་གནས་ཐུགས་རྗེས་འགྲོ་དྲུག་འདྲེན་མཛད།
མཁྱེན་བརྩེའི་བདག་ཉིད་བླ་མ་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

འདུལ་ཞིང་དབང་པོ་ཐ་དད་གང་ལ།
ཞི་རྒྱས་དབང་དྲག་ཡེ་ཤེས་རོལ་གར།
ཡིད་དམ་བསྟན་བསྲུང་ཐམས་ཅད་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

ས་གསུམ་འགྲན་བྲལ་འཕྲིན་ལས་འབྱུང་གནས།
མཆོག་ཐུན་དངོས་གྲུབ་སྩོལ་བའི་མཛོད་འཛིན།
གནས་གསུམ་མ་སྲིང་མཁའ་འགྲོ་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

འཁོར་འདས་ས་ལམ་འཆར་བའི་གཞི་མ།
སྐྱེ་མེད་རང་བྱུང་རིག་པའི་ཡེ་ཤེས།
ཟབ་ལམ་མྱུར་བགྲོད་རྩ་མཆོག་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།། བླ་མ་མཁྱེན་ནོ།། བླ་མ་མཁྱེན་ནོ།།

རང་གྲོལ་ཡེ་ཤེས་སྒྱུ་མའི་ཞིང་ཁམས།
རིག་གདངས་འགག་མེད་འོད་གསལ་སྤྲོས་བྲལ།
རྟག་ཁྱབ་མྱུར་ལམ་བདེ་རླུང་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།། 
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

མ་བཅོས་དབྱིངས་རིག་ཁྱབ་བདལ་ཆེན་པོ།
གཉུག་མའི་གཤིས་ལུགས་བདེ་སྟོང་ཡེ་ཤེས།
ཟག་མེད་ཉག་གཅིག་ཐིག་ལེ་ཀུན་འདུས།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།། 
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།

འདུལ་བསྟན་བརྒྱུད་འཛིན་ཁྲི་བཙུག་རྒྱལ་བ།
གསང་སྔགས་བརྒྱུད་འཛིན་གསང་བ་འདུས་པ།
སེམས་ཕྱོགས་བརྒྱུད་འཛིན་ཀུན་ཏུ་བཟང་པོ།
ལུང་རྟོགས་བསྟན་པའི་ཉི་མ་མཁྱེན་ནོ།། 
བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།།  བླ་མ་མཁྱེན་ནོ།། 

ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ།
མཁའ་ཁྱབ་སྐྱེ་འགྲོའི་རྒྱུད་ལ་སྨིན་ནས།
འདི་ཕྱིའི་ལེགས་ཚོགས་རྣམ་དཀར་ཅི་མཆིས།
བདག་གཞན་ཀུན་གྱི་འཐོབ་པར་མཛོད་ཅིག།

     དེ་ནས་འདྲེན་མཆོག་བླ་མ་རིན་པོ་ཆེའི་གསང་བ་གསུམ་ནས་ཡིག་འབྲུ་ཨ་ཨཱོྃ་ཧཱུྃ་གསུམ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ཏེ་རང་གི་སྒོ་གསུམ་གྱི་ཉེས་སྒྲིབ་དག་ནས་བླ་མ་དགྱེས་ཏེ་ཞལ་འཛུམ་བག་དང་བཅས་འོད་དུ་ཞུ་ནས་རང་གི་རྩ་དབུ་མ་ནས་མར་ཕེབས་ཤིང་སྙིང་གའི་ཐད་དུ་རང་སེམས་དང་ཐ་དད་མེད་པར་བསམ་ལ་དབང་བཞིའི་མཐར་ཐུག་མ་བཅོས་རང་ལུགས་ཀྱི་ངོ་བོ་སྐྱོང་བ་ནི་དོན་དམ་ཡེ་ཤེས་ཀྱི་བདེན་པའོ།།
     ཅེས་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཞིང་ཁམས་གཞན་དུ་གཤེགས་ནས་དགོངས་ཞག་ལྔ་བཅུ་རྫོགས་པའི་ཉིན་སྐྱབས་མཆོག་དམ་པའི་དབང་ལུང་ལ་ལོངས་སྤྱོད་པའི་སྐལ་བ་ཅན་རུ་ཚ་རྔུལ་ཚའི་བུ་ཕྲུག་གིས་སྤོས་ངེད་ལྡན་པའི་གྲོང་ཁྱེར་ནས་༢༠༡༧/༡༡/༥ བོད་ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། དང་ཐོག་བློ་གཏད་ཀྱི་དགེ་རྒན་དང་བྲལ། བར་དུ་བརྩེ་སེམས་ཀྱི་ཕ་མ་དང་བྲལ། ཐ་མར་སྙིང་དཀྱིལ་གྱི་སྐྱབས་མཆོག་དང་བྲལ།  མཐར་ཐུག་གཅེས་འཛིན་གྱི་ལུས་སེམས་ནམ་བྲལ་གྱིས་སྐྱོ་འཇིགས་དང་བཅས་གུས་པ་ཆེན་པོས་ཕུལ་བར་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུ་རུ་གྱུར་ཅིག་གུ།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།