༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
༢༠༡༦ལོའི་ལོ་དེབ་བོན་གཤེན་བསྭོ་སྒྲ་འགྲེམ་སྤེལ་བྱས་པ།
[རྩོམ་ཁུངས།:ཁྱུང་པོོོའི་དྲྭ་བ།] [ཟླ་ཚེས།:2017-09-15] [རྩོམ་པ་པོ།:བསྭོ་སྒྲའི་རྩོམ་སྒྲིག་པ།] [གཟིགས་ཐེངས:]


ཐོག་མའི་སྐད་ཆ།

 

 

ལོ་དེབ་འདིའི་བྱུང་བའི་ཕུགས་ནི།འདི་ནས་ཡར་བརྩིས་པའི་ཁྲི་ཕྲག་གི་ལོ་རྒྱུས་ཀྱང་བགྲང་དུ་ཡོད་ལ་སྟོང་ཕྲག་མང་པོའི་རྒྱུ་མཚན་ཀྱང་བཤད་དུ་ཡོད་པའི་ཞང་བོད་མཐོ་སྒང་གི་མི་དང་མི་མིན་ཀུན་ལ་བདེ་སྐྱིད་ལོངས་སྤྱོད་ཟད་དུ་མེད་པར་སྤྲོས་པའི་ཞང་བོད་ཀྱི་རིག་གནས་དག་མ་སྟེ། གཡུང་དྲུང་གི་བོན་ཞེས་མེས་པོ་སྟོན་པ་གཤེན་རབ་མི་བོས་གཏན་ལ་ཕབ་པ་ཞིག་རེད། དེ་ཡང་ཁུངས་རང་ལས་གཞན་ལ་གཏུག་མི་དགོས་ཏེ། རྫོགས་པ་ཆེན་པོ་སོགས་ནང་རིག་པའི་ཡང་རྩེ་དང་འབྱུང་ལྔའི་རྩིས་དང་གསོ་བ་རིག་པ་སོགས་ཀྱི་ཁུངས་འཚོལ་བ་ལ། ཏི་སེ་གངས་རྒྱུད་ཀྱི་རི་དང་མ་པང་ཕྱོགས་བཞི་ཡི་ཆུ་ལ་རྒྱང་ལྟ་བྱེད་བཞིན་ཡོད་པ་ནི། དེང་གི་ཆར་བོད་རིག་པའི་ཉམས་ཞིབ་པ་དང་གཟུར་གནས་མཁས་པ་དག་གིས་ནམ་ལངས་པའི་མཛུབ་རིས་ལ་ལྟ་བ་བཞིན་རིམ་གྱིས་ཇེ་གསལ་དུ་འགྲོ་བཞིན་པ་རེད། དེ་སྐད་དུ། ཡབ་ཡུམ་སྲས་དང་བཅས་པའི་ཁུངས་ལུང་ཡོད།། ལོ་ཟླ་ཚེས་དང་བཅས་པའི་འཁྲུངས་རབས་ཡོད།། སྔགས་བཙུན་སྒོམ་སྡེ་བཅས་པའི་རྗེས་འཛིན་ཡོད།། སྟོང་ལོ་དུ་མས་རྙིང་པའི་སྒྲུབ་ཕུག་ཡོད།། ཞྭ་དཀར་གོས་སྔོན་བྱེད་པའི་ཆ་ལུགས་ཡོད།། ཅེས་པ་དོན་ལ་གནས་པ་ཡིན། དེས་ན་ཞང་བོད་མཐོ་སྒང་དུ་ཆབ་སྲིད་སོགས་དམིགས་སྒོ་ཉི་ཚེ་བ་ཞིག་ལ་བརྟེན་ནས་ཁྱིམ་མཚེས་ཀྱི་ཡུལ་གྲུ་གཞན་ཞིག་ནས་ཁྱེར་ཡོང་བ་མ་ཡིན་པར། གནའ་བོའི་མཐོ་སྒང་གི་མིའི་རང་བྱུང་ཁམས་ཀྱི་ལྟ་ཚུལ་དང་། དེ་དང་འབྲེལ་བའི་རང་བྱུང་ཁམས་དང་འཆམ་མཐུན། རང་བྱུང་ཁམས་སྲུང་སྐྱོབ་ཀྱི་ཐབས་ལམ་ཉག་གཅིག་ཏུ་མཐོ་སྒང་གི་རང་བྱུང་ཁམས་ཀྱི་ལྟ་བ་དང་སྒོ་ཀུན་ནས་འབྲེལ་ཞིང་། ལུགས་ཀྱི་སྲོལ་འབྱེད་པ་སྟོན་པ་གཤེན་རབ་མི་བོ་མཆོག་ཡིན་ཡང་། དོན་གྱི་གནས་སྟངས་རང་བྱུང་ཁམས་ཀྱི་ཆོས་ལུགས་སུ་གྱུར་པའི་གཡུང་དྲུང་བོན་སྟེ། འབྱུང་བ་ལྔ་དང་སེམས་ཀྱི་འཕྲོད་སྦྱོར་གྱི་སྒོ་ནས་གནས་སྐབས་རྐྱེན་སེལ་རྒྱུ་ཡི་བོན་དང་། མཐར་ཐུག་འཁོར་བར་མི་འཁྱམས་པའི་ཐབས་ལམ་རྨད་པོ་ཆེ་འབྲས་བུའི་བོན། མདོར་ན་ཐེག་པ་རིམ་པ་དགུ་ཡི་བདག་ཉིད་ཅན་གངས་ལྗོངས་མཐོ་སྒང་གི་མེས་པོའི་རིག་གནས་སམ་ཕ་མེས་ཀྱི་ཆོས་ལུགས་འདི་ཉིད་ཡིན་ནོ།། དེ་ཡང་ཕ་ཆོས་འདི་ཉིད་དུས་ཀྱི་གཉན་འཕྲང་མང་པོ་ཞིག་གི་ནང་དུ་མིང་ཙམ་བོས་ནའང་གདོན་གཟུགས་སུ་ལྟ་བའི་མི་རིགས་ཀྱི་རྐང་འདྲེན་པ་མང་རབས་ཤིག་གིས་བསྲེག་སྤྱུགས་གཏོར་གསུམ་བྱས་ནས་ད་བར་འབར་ཤུལ་གྱི་དུ་བ་ཙམ་ལས་མེད་པར་བཟོས་ཤིང་། ད་དུང་ཡང་གྱེན་དུ་འབར་བའི་ནུས་པ་ལ་འཕྲལ་འཕྲུལ་གཡོ་སྒྱུ་དྲག་གནོན་སོགས་ཀྱིས་རྡོག་རྫིས་བཏང་དང་གཏོང་བཞིན་པ་ལགས་ནའང་། དེང་གི་ཆར་འཛམ་གླིང་གི་མིའི་རིགས་དང་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཁག་གི་མཉམ་དུ་མི་རིགས་སོ་སོའི་བྱུང་འཕེལ་ལོ་རྒྱུས་ལ་དཔུང་པ་མཉམ་གཤིབ་དང་སྐད་ཆ་མཉམ་བཤད་ཀྱི་སར་སླེབས་པ་ན། ཐུགས་གཟུ་བོར་གནས་ཤིང་མི་རིགས་ཀྱི་ཇི་བཞིན་གནས་པའི་ལོ་རྒྱུས་ལ་མིག་རྒྱང་འཕེན་འདོད་པའི་མཁས་པ་ཇེ་མང་དང་། གནས་ལུགས་ཀྱི་བདེན་མཐའ་ཇེ་གསལ་དུ་འགྲོ་བའི་སྐབས་སུ་བབ་དུས། སྒྲོ་སྐུར་དང་ངན་བརླང་སྣ་ཚོགས་ཀྱི་འོག་ནས་བདེན་པའི་མཐོངས་བརྡོལ་བ་སྟེ། ལོ་རབས་དྲུག་ཅུའི་སྨད་དང་བདུན་ཅུའི་ནང་སོགས་ནས་རྒྱལ་བ་སྨན་རི་ཚང་གི་མཁན་སློབ་རྣམ་གཉིས་སོགས་བོན་གྱི་མཁས་པ་སྐོར་ཞིག་ནུབ་ཕྱོགས་སུ་ཕེབས་པ་ནས་བཟུང་གཡུང་དྲུང་བོན་ལ་ཉེས་འགེབ་སྣ་ཚོགས་བྱས་པ་དག་ནུབ་ཕྱོགས་སོགས་ཀྱི་ཕྱི་ཡི་ཡུལ་་གྲུ་ཁག་ལ་ནམ་ལངས་པ་ལྟ་བུའི་འགྲོས་ཀྱིས་རིམ་གྱིས་གསལ་བའི་འགོ་ཚུགས་པ་རེད། དེ་བཞིན་རྒྱལ་ནང་ལ་བཞུགས་པའི་བོད་ཀྱི་མཁས་པ་དག་གི་ཁྲོད་དུའང་བློ་གཟུ་བོར་གནས་ཤིང་ལོ་རྒྱུས་ཀྱི་ཕུགས་མཐོང་བའི་མཁས་པ་དང་སློབ་མ་གང་མང་བྱུང་དང་འབྱུང་བཞིན་པའི་ཁྲོད་ནས་ཀྱང་བོན་ཀློག་པའང་བོད་ཀློག་པ་ལྟ་བུའི་ལྟ་ཚུལ་དང་། ཡི་གེ་དང་སྨན་རྩིས་དེ་བཞིན་ལྟ་གྲུབ་སོགས་ཀྱང་བོན་ལ་ཡོད། ཅེས་པའི་བདེན་གཏམ་འགའ་ཞིག་ཐོས་རྒྱུ་ཡོད་པར་གྱུར་ཡོད། དེ་བས་ན་དེང་གི་ཆར་རང་གི་ཤེས་པ་དེ་དང་མཐུན་པ་བྱུང་ན་བསྟོད་པ་དང་། མ་བྱུང་ན་སྨད་ར་བྱེད་པའི་བླུན་པོ་ཧམ་ཅན་འགའ་ཞིག་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་བོན་ཞེས་ཐོས་པ་ཙམ་གྱིས་སྡང་ཟུག་བྱེད་མི་དགོས་པའི་ཚོད་ཙམ་དུ་སླེབས་འདུག། དེ་དང་དེ་བཞིན་ཕྱོགས་ཕྱོགས་ན་ཡོད་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམ་པ་གཙོས་ཡོན་ཏན་པ་དང་། དད་ལྡན་པ་ཡོངས་ནས་རང་རང་གི་སར་འབད་བརྩོན་ལྷོད་མེད་ཀྱིས། གྲོང་གི་གསོན་གཤིན་ལ་རྒྱུ་བོན་སྒྲུབ་པ་ནས་དབེན་པའི་རི་ཁྲོད་དུ་རྫོགས་ཆེན་སྒོམ་པའི་བར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། གཏོ་མདོས་སྨན་དཔྱད་སོགས་ཡོད་ཚད་བསྟན་པ་འཕེལ་བའི་གཉེན་དུ་དོན་གྱིས་སོང་བ་རེད། དེ་མཚུངས་སུ་གནའ་དུས་ཀྱི་ཞང་ཞུང་སྒོ་པའི་ས་ཁོངས་སུམ་པའི་རྒྱལ་ཕྲན་གྱི་ཡུལ་གྲུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ཡ་གྱལ་ཁྱུང་དཀར་གྱི་གདན་ས་སྟེང་པོ་ཆེ་ཡི་རྒྱབ་རི་བོན་གྱི་འདུ་གནས་ཆེན་པོ་བྲག་དམར་རི་འདུས་ཀྱི་མདུན་ཞོལ། པད་མ་འདབ་བརྒྱད་ཀྱི་ས་ཡི་གདན་དབྱིབས་དང་བཀྲ་ཤིས་དུང་དཀར་གྱི་ས་བཀྲ་གཡས་སུ་འཁྱིལ་བའི་རི་འགྱིངས་སུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་ཁུར་ཆེན་འདེགས་པར་བྱེད་པ་ལ། དབུ་ཡི་འོག་གི་དཔུང་པ་ལྟ་བུའི་འཛིན་སྐྱོང་གི་འཕྲིན་ལས་རླབས་པོ་ཆེ་འགའ་ཞིག་ནགས་འདབས་མེ་ལྕེ་ལྟར་མཆེད་བཞིན་པའི་ཁྱུང་པོ་སྟེང་ཆེན་དགོན་ནས་ཀྱང་སྒོམ་སྒྲུབ་ཀློག་འདོན་འཆད་རྩོད་ཀྱི་སྡེ་རྣམས་དབུ་བཙུགས་ནས་ལོ་ངོ་བཅུ་ཕྲག་འགའ་ཞིག་སོང་ཟིན་པའི་རིང་དུ་གང་འཚམས་ཀྱི་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། ཕྱི་ལོ༢༠༡༡ལོ་ནས་དགོན་འདི་གའི་དཔོན་གསས་བླ་མ་༧འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་རང་དགོན་ནས། ལོ་དེབ་འདི་བཞིན་གཉེར་སྐྱོང་དགོས་པའི་བཀའ་ལུང་བསྩལ་བ་ནས་བཟུང་། བོན་གྱི་འཁོར་ལོ་རྣམ་བཞིའི་ཡ་གྱལ་རྩོམ་པ་བོན་གྱི་འཁོར་ལོའི་ཕྱོགས་སུ་གཏོགས་པའི་ལོ་དེབ་ཅིག་རྩོམ་སྒྲིག་གི་ལས་གཞི་གཉེར་ནས་ད་བར་མི་ལོ་དྲུག་ལ་ཕྱིན་པ་རེད།

 

ལོ་དེབ་ཀྱི་ཁ་ཕྱོགས་ཀྱི་ཐད་ནས། དེང་གི་བོད་ཀྱི་མཁས་དབང་འགས་བཞེད་ཕྱོགས་ཏེ། དགེ་རྒན་ཆེན་མོ་སྔོན་འཛིན་ངག་དབང་རྒྱ་མཚོས། གནའ་དཔེའི་ལེ་ཚན་གྱིས་བཀའ་དང་བཀའ་བརྟེན་དུ་མ་འཁོད་པའི་ལེའུ་ཆུང་རིན་ཐུང་ཅན་དག་མྱུར་སྐྱོབ་ཀྱི་ཐབས་ལམ་བཀོད་དགོས་པ་འམ། བོད་ཀྱི་ནང་རིག་པའི་དགོན་སྡེ་ཞིག་ཡིན་ན་སྒྲ་སྙན་སྨན་རྩིས་ཙམ་ལ་མགོ་འཁོར་བ་ནི་རྩ་བ་བོར་ནས་ཡར་གར་འཇུས་པ་དང་མཚུངས་ཤིང་། དེང་གི་བོད་ཀྱི་དགོན་སྡེ་དག་ན་སྙན་རྩོམ་སྒྲུང་རྩོམ་སོགས་སྤེལ་བའི་དུས་དེབ་མང་དྲགས་སོང་བས། བོད་ཀྱི་དགོན་སྡེ་དག་གིས་ནང་རིག་པའི་གནས་ལ་ཞིབ་འཇུག་གི་དཔྱད་རྩོམ་སྤེལ་སའི་དུས་དེབ་ཅིག་དགོས་གལ་ཆེ་བས་དེ་ཕྱོགས་སུ་གཞོལ་བར་འཚལ་ཞེས་དགོངས་འཆར་གནང་བ་དང་། ཡང་ཆོས་འཁོར་ཚང་ཉི་མ་འོད་ཟེར་ནས། གསར་སྒྲིག་བོན་དེབ་ཁག་གི་འགན་འཁྲི་ཉག་གཅིག་ནི་གནའ་ནས་བོན་ལ་དམར་མཆོད་འབུལ་བ། གཞི་ལམ་འབྲས་གསུམ་མེད་ཅིང་གཞན་ནས་བརྐུས་བསྒྱུར་བྱས་པ་སོགས་ཁུངས་མེད་ཉེས་འགེལ་སྣ་ཚོགས་ཡོད་པ་དག་ལ་བོན་གཞུང་ཁུངས་བཅོལ་གྱིས་གནས་ལུགས་ངོ་ཐོག་དང་འབྲེལ་བའི་རྒྱུ་མཚན་གསར་པ་རེ་སྔོགས་འདོན་གྱིས་རྒོལ་ངན་སུན་འབྱིན་དགོས། ཞེས་པ་སོགས་ལས་བྱ་འདིའི་ཐད་ལ་བློ་སྒྲིམ་ནས་ལྟ་མྱོང་བའི་དཔྱོད་ལྡན་འགས་བསམ་འཆར་སྣ་ཚོགས་སུ་གསུངས་པ་ལགས་ནའང་། མིག་སྔརབོན་གཤེན་བསྭོ་སྒྲཞེས་པའི་ལོ་དེབ་འདི་ནི་འདི་ཉིད་སྐྱེ་འཕེལ་བྱེད་སའི་ཁོར་ཡུག་ཏུ་གྱུར་པའི་དགོན་སྡེ་གང་དེ་རིག་གསར་གྱི་གོད་ཆག་རྗེས། སྣ་ཚུགས་ལོག་ནའང་པུས་ཚུགས་ཞེས་པའི་ཁ་དཔེ་ལྟར་ཉ་ཕྲ་ས་ནས་བཙའ་སྐྱོང་དགོས་པའི་སྐབས་སུ། སློབ་དཔོན་ཆེན་མོ་ཤེས་རབ་དགེ་ལེགས་མཆོག་ནས། ཐོག་མར་གྱེར་དབྱངས་འདོན་འཕྲིན་གྱི་བསླབ་ཁང་ཙམ་ཞིག་ནས། རིམ་གྱིས་མི་གཉིས་གཉིས་གསུམ་གསུམ་ཙམ་ཞིག་ལས་མེད་ནའང་། དེ་རྣམས་ལྟོ་བདེ་བག་ཕེབས་ཀྱི་གནས་མལ་ལྟ་བུ་མ་ཡིན་པར་སློབ་སྦྱོང་གི་ཁོར་ཡུག་ཅིག་ཏུ་ཐོག་མའི་དམིགས་ཡུལ་གྱི་རྟེན་འབྲེལ་མ་འཆུག་པ་ནས་བཟུང་། ད་ལྟའི་བཤད་སྒྲུབ་སྒོམ་གསུམ་དཔེ་སྒྲིག་དང་བཅས་པའི་སྡེ་ཚན་ཚང་ལ་མ་ནོར་བ་ཉིད་བཀྲ་ལམ་གྱི་ཆགས་པ་འདི་ནི། རྩ་བའི་ཆ་ནས་ཞང་བོད་མཐོ་སྒང་གི་རིག་གནས་སམ། གཡུང་དྲུང་བོན་གྱི་ལྟ་གྲུབ་དང་རྒྱུན་སྤྱོད་སོགས་སློབ་སྦྱོང་བྱེད་པའི་ཕྱི་རབས་ཀྱི་བསྟན་འཛིན་སྐྱེས་བུ་གསོ་སྐྱོང་བྱ་སའི་གནས་གཞི་ཞིག་ལགས་ཕྱིར། ལོ་དེབ་འདི་ཡང་འདིར་ཞུགས་རིས་སུ་མ་ཆད་པའི་སློབ་གཉེར་བ་རྣམས་ཀྱི་རྩོམ་རིག་གི་སྨྱུག་ཁ་དཀྱུ་སྟངས་ལ་རྒྱུས་ལོན་ཅུང་ཟད་འབྱུང་དུ་རེ་བ་དང་། གཞུང་ཆེན་གྱི་གལ་མདོ་ལ་འཆད་རྩོད་ཀྱི་རྣོ་སོ་ཅུང་ཟད་རེ་ཁེལ་བ་བྱུང་ན་དེ་ཉིད་དྲན་གསོས་དང་གཞན་ལ་བློ་བསྐྱེད་སྟེར་བའི་ཆ་རྐྱེན་ཉག་གཅིག་ཏུ་གྱུར་པའི་གཞུང་དོན་དཔྱད་བརྗོད་ཀྱི་ཆེད་དུ་བྱས་པ་ནི་ལོ་དེབ་འདིའི་ཐོག་མའི་དམིགས་ཡུལ་ཡིན།

ལོ་དེབ་འདིའི་རིན་ཐང་གླེང་བ།

སྤྱིར་དུས་དེབ་ཅིག་ལ་མཚོན་ན་ཀློག་པ་པོ་དང་། ཡང་ན་རྩོམ་པ་པོ་གཅིག་པུའི་ཆེད་དུ་མ་ཡིན་པར་སྒོ་ཀུན་ནས་རིན་ཐང་ཅན་དུ་སྨྲ་བ་སྟེ། ཇི་སྐད་དུ། སློབ་མ་རྣམས་ཀྱི་དགེ་རྒན་བཟང་པོ་དང་།། རྩོམ་མཁན་དག་གི་རྩོམ་གྱི་གན་མཛོད་དང་།། ཀློག་པ་པོ་ཡི་རྩོམ་གྱི་དགའ་སྟོན་དུ།། གྲུབ་པའི་དུས་དེབ་ཁྱོད་འདྲར་གླིང་འདིར་དཀོན།། ཞེས་མཁས་པའི་སྡོམ་ཚིག་གི་ལྗིད་ཚད་ཆ་ཚང་ཐེག་པའི་ཁ་སྤོབས་མི་ཆེ་ནའང་། འདིར་སློབ་གསོ་ཕན་བདེའི་འོད་སྣང་ལས། སྔོན་རབས་དམ་པས་རྗེས་སུ་བཞག་པའི་བྱིན་ཅན་གསུང་གདམས་དང་། ད་ཡོད་གཤིས་བཟང་ཉམས་མྱོང་ཅན་འགས་སྐར་ཆའི་རྒྱུ་བ་རྣམས་ལེགས་བཤད་ཀྱི་གསེང་དུ་བཀོལ་བའི་མྱོང་གཏམ་འགའ་ཡོད་པས་དལ་གྱིས་གསོན་དང་ཁྱོད་ལ་ཕན་བདེའི་སྣང་བ་སྦྱིན་སྲིད་ལ། ལོ་རྒྱུས་དལ་འགྲོའི་རླབས་ཕྲེང་ལས། སྐྱེས་ཆེན་རེ་འགའི་བཞུད་ལམ་མཐོང་ཆོག་ཅིང་། གནའ་རབས་འཇིག་རྟེན་གྱི་ཆག་གྲུམ་དང་། ཕ་དང་མེས་པོའི་མཛད་རྗེས་ལ་རྒྱུས་ལོན་ཡང་འབྱུང་ཆོག དཔྱད་བརྗོད་གསེར་གྱི་གཙག་པུས་ཁྱོད་ལ་ལུང་དང་རིག་པའི་གནད་གསང་འབྱིན་ཞིང་། སྔོན་ཤེས་དྲན་པའི་རྩ་སྒོ་འབྱེད་ངེས་ལ། ལྷུག་རྩོམ་དུས་ཀྱི་སྨྲ་ལྕེས་རྩོམ་རིག་གི་མངར་ཁ་སྟེར་ཞིང་། སྒྱུ་རྩལ་གྱི་གོམ་པ་སྤོ་བར་ཕྲུ་གུ་ལག་འཁྲིད་ལྟ་བུའི་གོམ་འགྲོས་སློབ་སྲིད། སྙན་རྩོམ་གཡུ་བྱའི་གྲེ་འགྱུར་གྱིས་ཚོར་འདུའི་ནམ་མུག་སངས་ཤིང་། འཆར་ཡན་གྱི་དབྱར་རྩ་རྒྱས་ཡོང་། དེ་བཞིན་གནས་བསྡུས་ཀུན་གསལ་མེ་ལོང་ནི། འདུ་གནས་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་ཞེས་སྒྲུབ་སྤེལ་བཞག་གསུམ་ཀྱི་འཕྲིན་ལས་མང་དྲགས་པས་དྲག་ཞན་མཐོ་དམན་ཀུན་ནས་གདེང་འཇོག་དང་སྡང་སྨོད་སྣ་ཚོགས་བྱེད་སའི་གླིང་འདིའི་ལོ་རེའི་མཛད་པ་གཙོ་གྲས་རྣམས་པར་ཡིག་གཉིས་ཀྱི་ལམ་ནས་ཐད་སྟོན་གྱི་ལེ་ཚན་ཞིག་ཡིན་པས། འདིར་རྩོམ་པ་པོ་དང་ཀློག་པ་པོ་སོ་སོའི་ཆ་ཤས་རེ་ལེན་རྒྱུ་ཡོད་པས་དེ་ལུགས་ཀྱིས་དང་དུ་ལེན་པར་མཛོད་ཅེས། སྐད་ཆའི་གཏིང་རིམ་ནས་ཞུ་བ་ལགས་པས་དེ་བཞིན་གོ་བར་རིགས་སོ།།

 

                                                   རྩོམ་སྒྲིག་པ་དགེ་བཤེས་གཡམ་དྲང་སྲོང་ནས།

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།