༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
རྩོམ་དེབ་བརྡ་སྤྲོད་འཇུག་སྒོ་ཐོན་འདུག
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-08-01] [རྩོམ་པ་པོ།:གངས་སྙུག] [གཟིགས་ཐེངས:]

(ཁྱུང་ཡུལ་སྤུ་རྒྱལ་ཁུལ་སྤ་ཟླ་རུ་ལང་ཚོའི་མེ་ཏོག་བཞད་པའི་ན་གཞོན་རིག་གནས་པ་གངས་སྙུག་ལགས་ཀྱིས་བརྩམས་པའི<<བརྡ་སྤྲོད་འཇུག་སྒོ>>ཞེས་པ་མི་ཡུལ་དུ་འགྲེམ་པར་བཀྲ་ཤིས་བདེ་ལེགས་ཞུ)



未标题-1.jpg


                                                                   སྔོན་ལ་གླེང་པའི་སྐད་ཆ།
 
   སྤྱིའི་ཆ་ནས་བཤད་ན།  ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ཀྱི་གླེང་སློང་དང་། གཟི་འོད་ལམ་ལམ་འཕྲོ་བའི་ཤེས་རིག་གི་སྲོག་ཟུངས་གནས་སྟངས། མི་ལུས་རིན་ཆེན་ལ་སྨྲ་བརྗོད་སྐད་ཆའི་གསོན་ཤུགས་མངའ་ཚུལ། མདོར་ན་ཤེས་རིག་དར་བའི་དུས་རབས་འདིར། སྐད་ཡིག་རིག་པའི་གསང་ལམ་ཞིག་ནས་སྐྱོད་ཀྱིན་སྨྲ་བརྗོད་ཀྱི་འཚོ་བ་སྨར་མོར་ལོངས་སུ་སྤྱོད་རྒྱུ་ནི་འཚོ་སྡོད་ཀྱི་སྙིང་པོ་ལྟ་བུ་ཞིག་ལ་བརྩིས་ན་ཆོག་འདུག་ཕྱིར། མཁས་པ་དག་གིས་སྐད་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ཡིན་ཞེས་བཤད་ཀྱི་ཡོད་པ་རེད། ཁོར་ཡུག་གི་འགྱུར་བ་དང་། དུས་བབ་དང་བསམ་བློའི་འཕེལ་འགྱུར་ཁྲོད་ནས་སྐད་ཡིག་རིག་པའི་གཞུང་ལུགས་ཀྱང་འཕེལ་འགྱུར་བྱུང་སྟེ། འཚོ་བའི་བླ་སྲོག་ཀྱང་སྐད་ཡིག་ཉིད་དང་དབྱེར་མེད་གཅིག་ཏུ་འདྲེས་ཏེ་མདུན་ལ་སྐྱོད་བཞིན་ཡོད། འདས་ལོ་དུ་མའི་ལོ་རྒྱུས་དང་ལྷན་དུ་སྦྲེལ་བའི་ཕུན་སུམ་ཚོགས་པའི་རིག་གནས་དང་། བླ་ན་མེད་པའི་མི་བུའི་ཀུན་སྤྱོད་དང་ཡོན་ཚད། རྣམ་པ་འདྲ་མིན་གྱི་འཚོ་བའི་གོམས་གཤིས་དང་བྱ་བཞག དེ་དག་ཀུན་ཀྱང་སྐད་ཡིག་རིག་པའི་འཕྲུལ་གྱི་མེ་ལོང་ལས་སླར་མི་རབས་ནས་མི་རབས་བརྒྱུད་དེ་ད་བར་འཚོ་བའི་ཀློང་རུམ་ན་གསལ་ལྷང་ངེར་གནས་སུ་བཅུག་ཅིང་། སྐད་ཡིག་རིག་པའི་མེ་ལོང་ཡོད་པས་དེང་འདིར་སླར་ཡང་རིག་གཞུང་དུ་མ་གསར་གཏོད་དང་རྒྱུན་འཛིན་བྱེད་ནུས་པའི་སྐད་ཆ་དང་ཤེས་རབ་ཀྱི་ས་བོན་ནུས་པ་སྦྲུམ་ཡོད་ལ། སླད་མ་འོངས་པའི་འགྲོ་བ་མི་དང་མིའི་འཚོ་བའི་གནད་དོན་ཐ་དག་འོད་ཟེར་སྟོང་ལྡན་གྱི་སྐད་ཡིག་རིག་པའི་གསང་ལམ་ནས་ཕེབས་ཡོང་རྒྱུ་ཡིན་པའང་ཁྱོད་དང་ང་ཡི་ཤེས་རབ་ཀྱི་ཡུལ་དངོས་སུ་གྱུར་ཡོད་པ་དེའོ།།
 
   བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་རབས་ནས་བཤད་ན།  སྔ་གཞུག་དུས་རབས་ཀྱི་འགྱུར་ལྡོག་དང་། རིག་གནས་ཀྱི་འཕེལ་འགྱུར། དར་རྒུད། གདམ་གསེས། ཤན་ཤུགས་བཅས་ཀྱིས་སྐད་ཆའི་འཚོ་བ་ལ་འགྱུར་ལྡོག་སྣ་ཚོགས་བཏང་ཡོད་ལ། བརྡ་སྤྲོད་ཀྱི་གཞུང་ལའང་མཁས་པ་རྣམས་ཀྱིས་དབྱེ་ཞིབ་གནང་བ་དང་། དུས་དང་བསྟུན་ཏེ་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་འགྲེལ་གྲངས་མང་བ་ཞིག་ཡོད་འདུག་མོད། མི་ལོ་ཁྲི་སྟོང་གི་བརྒྱུད་ལམ་དུ་དེ་དག་གི་ནང་ནས་འགའ་ཞིག་རྩ་ནུབ་ཏུ་ཕྱིན་པ་དང་། འགའ་ཞིག་ད་ལྟ་ང་ཚོའི་སྤྱོད་སྐལ་དུ་ལྷག་ཡོད། དེ་ལྟར་གནའ་བོའི་བརྡ་སྤྲོད་དག་ཉམས་རྒུད་ཕྱིན་པའི་རྒྱུ་རྐྱེན་ཅི་རིགས་ཞིག་འཕྲད་ཡོད་ན་ཡང་། སྐད་ཡིག་ལ་བཀས་བཅད་རིམ་པ་དུ་མ་བྱས་པ་དེས་ནི་བརྡ་སྤྲོད་ཀྱི་ཁུངས་ལུང་ལོ་རྒྱུས་དུ་མ་ནུབ་རིའི་རྒྱབ་ཏུ་ཕེབས་སྐྱེལ་བྱས་ཡོད་འདུག རླབས་ཆེན་དང་དབང་ཆེན་གྱི་བྱ་འགུལ་བཀས་བཅད་ལྟ་བུ་བྱུང་བ་མ་ཡིན་ན་རང་བཞིན་འགྱུར་ལྡོག་ཅི་འདྲའི་ཤུགས་ཆེན་བྱུང་རུང་དཔེ་རྙིང་ཐ་དག་མི་མངོན་པའི་དབྱིངས་སུ་ཅི་འདྲར་གཤེགས་བསྐྱོད་བྱེད་ནུས། བཀས་བཅད་བྱས་པ་དེས་ཕྱོགས་གཅིག་ནས་སྐད་ཡིག་གི་གཞུང་ལུགས་གཅིག་གྱུར་གྱི་དགེ་མཚན་བསྐྲུན་ཡོད་པ་མ་ཟད་དུས་རབས་བརྡ་སྤྲོད་གཞུང་གཉིས་བར་ཐག་ཇེ་ཉེ་དང་མཉམ་འགྲོས་བྱེད་པར་ཕན་ནུས་གལ་ཆེན་ཐོན་ཡོད་ལ། ཕྱོགས་གཅིག་ནས་སྔར་གྱི་བརྡ་སྤྲོད་རྙིང་པའི་རིགས་དག་གཏོར་བརླག་བྱེད་མཁན་གྱི་ཕུང་འདྲེ་དུ་མ་ཞིག་ཀྱང་མཉམ་དུ་བརྒྱུགས་ཡོད་པ་དང་། ཕུང་འདྲེ་དེ་དག་གིས་མགོ་དགུ་ལག་དགུ་བརྐྱངས་ནས་སྟོང་ལོ་རིམ་རྩེག་གི་བརྡ་སྤྲོད་རིག་པའི་ཕ་མེས་ཡང་མེས་ཀྱི་བླ་སྲོག་ལ་རྐུ་འཕྲོག་བརླགས་གསུམ་བཏང་ཡོད། དོན་དེ་ནི་ལོ་རྒྱུས་ཀྱི་གོད་ཆག་ཅིག་གམ་ལོ་རྒྱུས་ཐོག་ལ་བཏབ་པའི་རྨ་ཁ་ཞིག་ལ་གྱུར་པའི་ཚོད་དུ་སྣང་ངོ་།། མ་གཞི་ནས་བཀས་བཅད་ཅེས་པའི་ཚིག་དེ་མི་སྒེར་གྱི་བཙན་ཤེད་ཅེས་པའམ། ཡང་ན་སྒེར་གཅོད་ཅེས་པ་དང་ནང་དོན་གཅིག་མཚུངས་སུ་མི་འདུག་གམ། རྒྱུ་མཚན་དེའི་དབང་གིས་ད་ལྟ་ང་ཚོའི་མཐོང་སར་གནའ་བོའི་དཔེ་རྙིང་འགའ་རེའི་ཁྲོད་ནས་བརྡ་སྤྲོད་ཀྱི་ནང་དོན་ཐ་ཐོར་རེ་མཐོང་རྒྱུ་ཡོད་པ་ལས། གནའ་བོའི་དུས་སུ་བརྩམས་པའི་སྒྲ་གཞུང་མ་ལག་ཆ་ཚང་ཞིག་ནི་མཐོང་དུ་མེད་པར་གྱུར་འདུག དུས་ཕྱིས་སུ་བྲིས་པའི་བརྡ་སྤྲོད་ཀྱི་གཞུང་འགྲེལ་གྲངས་མང་བ་ཞིག་ཡོད་ན་ཡང་། ལོ་རྒྱུས་དང་བྱུང་རིམ་གླེང་ཚེ་མི་རེའི་ཁ་ནས་ཁུངས་རེ་བཤད་དེ་དོན་དངོས་ཀྱི་ཁུངས་ལུང་ལ་སྒྲིབ་གཡོགས་རིམ་པ་དགུ་རིམ་གྱི་ཕྱི་ལ་དགུ་རིམ་གྱིས་བསྐོར་འདུག་པས་མ་ཚད། གཅིག་ནས་གཅིག་བརྒྱུད་ལྟ་བུའི་སྐྱོན་ཕུང་དེ་དག་གིས་བོད་ཀྱི་སྐད་ཡིག་ལོ་རྒྱུས་རྣལ་མ་འཚོལ་མཁན་དག་དཀའ་སྡུག་གི་འདམ་རྫབ་ཏུ་ཐེངས་མང་འཕེན་མྱོང་། གནད་དོན་འདིར་ཆེད་དུ་དམིགས་ནས་སླད་མ་འོངས་པར་དག་སེལ་གྱི་སྐད་ཆ་གསར་པ་དང་། དེ་དོན་གྱི་གླེང་སློང་འདི་དག་སྣང་བ་ལྡིང་ལྡིང་བ་ཚོར་མཐོ་ངོ་སྤྲད་རྒྱུ་ཞིག་མིན་པར། དོན་དངོས་བལྟ་འཚོལ་ལ་དགའ་བའི་མི་བུ་ཤེས་རབ་ཟབ་མོའི་མྱུ་གུ་འཁྲུང་རྒྱུ་ཡོད་པ་དག་ལ་སྤྲིངས་པའི་ཆ་འཕྲིན་ཞིག་ཡིན།
 
   བརྡ་སྤྲོད་འདིའི་སྒྲིག་སྟངས་ཀྱི་ཆ་ནས་བཤད་ན།  འདིར་བཤད་པ་དག་ནི་སྔར་མེད་གསར་གཏོད་བྱས་པ་ཏག་ཏག་ཅིག་མིན་ན་ཡང་། རང་གི་ལྟ་ཚུལ་འགའ་རེ་གསར་དུ་བཏོན་ཏེ་དེང་དུས་བོད་ཁུལ་ཡོངས་གྲགས་ཀྱི་སྐད་ཆའི་འགྲོས་དང་བསྟུན་གང་ཐུབ་བྱས་ཡོད་ཁར། ས་བཅད་ཀྱི་དབྱེ་མཚམས་དང་སྡེ་ཚན་དག་གསལ་པོར་ཕྱེས་ཡོད་ལ། ནོར་སོ་འཁྲུལ་དོགས་བསལ་ཆེད་ལུང་དོན་གྱི་སྐད་ཆའི་སྙིང་པོ་གསེར་ནག་འདྲ་བ་ལ་རིགས་པའི་རྒྱབ་རྟེན་ལྷན་མར་སྦྲགས་ཏེ་སྐབས་སྐབས་སུ་བལྟ་འཚོལ་གོ་སླའི་ཆེད་དུ་རེའུ་མིག་རེ་རེ་ཡང་བཀོད་ཡོད།
དེར་བརྟེན་བརྡ་སྤྲོད་མཁས་དབང་རྣམས་ལ་དྲན་བསྐུལ་གྱི་གསལ་འདེབས་དང་། གསར་སྦྱོང་བ་དག་ལ་ཤེས་རབ་ཀྱི་མྱུར་ལམ་ཞིག་སྟོན་ཐུབ་པའི་རེ་བ་དང་ཡིད་ཆེས་ཟབ་མོ་རྒྱུད་ལ་འཆང་བཞིན་མཆིས། «བརྡ་སྤྲོད་སྲིད་པའི་སྒྲོན་མེ» རྩ་གཞུང་གཉིས་ལ་གཞི་བཅོལ་ནས་བྲིས་པར་བརྟེན། བརྡ་སྤྲོད་དེའི་ནང་གི་ས་བཅད་དབྱེ་ཚུལ་དང་དཔེར་བརྗོད་རྣམས་རང་སོར་འཇོག་ཅི་ཐུབ་བྱས་ཤིང་དགོས་དབང་བསྟུན་པ་འགའ་ཞིག་གསར་སྣོན་བྱས་ཡོད། བརྡ་སྤྲོད་གཞུང་འགྲེལ་དུ་མའི་ཁྲོད་ནས་འདི་ཉིད་ཀྱི་འགྲོས་ལྟར་བྱེད་དོན་ནི། གཞུང་འདི་གོ་སླ་ཞིང་ཚིག་ཉུང་དོན་འདུས་ཀྱི་དམིགས་བསལ་ཁྱད་ཆོས་འབུར་དུ་ཐོན་འདུག་ལ། དེ་ཙམ་མ་ཟད། རྨང་གཞིའི་དབྱངས་གསལ་གྱི་ཡི་གེའི་ངོས་འཛིན་དང་། སྦྱོར་ཀློག་དངོས་ལ་འཇུག་ཚུལ་སོགས་ཡི་གེའི་སྦྱོར་བ་རྣམས་སྔོན་ལ་བཤད་དེ། མཚམས་སྦྱོར་སྐོར་རྗེས་སུ་ཕྱེས་པའི་གོ་རིམ་དེ་ནི་ཡི་གེ་གསར་སྦྱོང་གི་ལས་རིམ་དང་འཚམ་ཆེ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཀྱང་ལྡན་ཡོད་པས་ཡིན། དེ་ལས་གལ་ཆེ་བ་ཞིག་ནི། དུས་རབས་བར་བརྒལ་ཞིག་གི་རིང་ལ། བརྡ་སྤྲོད་ཀྱི་ནང་དོན་ལ་གོ་བ་དང་འགྲེལ་བཤད་ཡག་པོ་རེ་ཡོད་ནའང་བྱུང་རིམ་ལོ་རྒྱུས་ཐད་ནས་འཁྱོག་བཤད་ཀྱི་ལམ་བུར་བསྐྱོད་ཡོད་པས་ན། མ་འོངས་པའི་མི་ལ་བཤད་རྒྱུའི་དྲང་བཞག་གི་ལམ་སྟོན་ཞིག་ཏུ་འགྱུར་ཐབས་མེད་པ་རེད། གཞུང་འདི་ཕྱོགས་ལྷུང་ཤན་ཤུགས་བཙན་པོའི་ལོག་ལམ་དུ་དེ་ཙམ་འཁྱར་མི་འདུག་པས་ད་ཐེངས་གཞི་རྩ་རུ་བཟུང་བ་ཡིན། གང་དེའི་རྩོམ་པ་པོ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཉིད་ནི་རིག་པའི་གཞུང་ལུགས་དུ་མར་གཟིགས་པའི་ཤེས་རབ་ཀྱི་སྣང་བ་རྒྱས་ཤིང་ཁྱད་པར་དུ་གུ་ཡངས་ཀྱི་ལྟ་བའི་རང་ཚུགས་བརྟན་ལ་ཕྱོགས་ལྷུང་གི་བསམ་བློའི་བཀག་རྒྱ་ཡང་ཉུང་དུ་མཐོང་ཕྱིར་རོ།། རྒྱུ་མཚན་དེའི་དབང་གིས་ཆེད་དུ་ཁོང་གི་རྗེས་སུ་ཞུགས་ནས་བརྡ་སྤྲོད་རིག་པ་ཉམས་ལེན་བྱེད་རྒྱུ་ནི་མ་ནོར་བའི་ལམ་བཟང་ཞིག་ཏུ་རེད་སྙམ། སྤྱི་ལོ ༢༠༠༥ ལོར་དགུན་དུས་སློབ་གྲྭའི་གུང་གསེང་གི་སྐབས་སུ་བརྡ་སྤྲོད་སྲིད་སྒྲོན་རྩོམ་པ་པོ་ཉིད་ཀྱི་དངོས་སློབ་མངའ་རིས་མཁས་དབང་བསྟན་འཛིན་དབང་གྲགས་རིན་པོ་ཆེའི་མདུན་ནས་ཁོང་གིས་མཛད་པའི་གསོ་རིག་གི་སློབ་དེབ«དམའ་རིམ་ཤེས་ཡོན་སྐོར་ལྔ»དང་ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི«གསོ་རིག་རྒྱུད་འབུམ་ཡང་བཅུད»ནང་གི་ངོ་མཚར་རྩ་བདུན་བལྟ་ཚུལ་སྐོར་དང་འབྲེལ་བའི་ལག་ལེན་དམར་ཁྲིད་ཐོབ་པའི་སྐལ་བཟང་དང་དུ་བླང་པའི་ཚེ་ན། ཞོར་དུ«བརྡ་སྤྲོད་སྲིད་པའི་སྒྲོན་མེ»ཡི་དཀའ་གནད་འགའ་ཞིག་གི་ཞལ་ཁྲིད་ཀྱང་ཐོབ་སོང་། དེ་དུས་བཀོད་པའི་ཟིན་ཐོ་དག་ལ་གཞི་བཟུང་ནས་བརྡ་སྤྲོད་ཀྱི་འགྲེལ་པ་ཞིག་འབྲི་འགོ་བཟུང་ཡང་ཡོངས་སུ་མ་གྲུབ། ད་ཐེངས་སུ། དཔེ་རྙིང་དུ་མའི་ཁྲོད་ནས་ཁུངས་ལུང་གི་རྒྱབ་རྟེན་དྲངས་པ་དང་། འབྲེལ་ཡོད་སྒྲ་གཞུང་ཚད་ལྡན་དུ་མའི་ཉིང་བཅུད་རྣམས་བསྡུས། བརྡ་སྤྲོད་སྲིད་སྒྲོན་རྩ་གཞུང་གཉིས་ཀྱིས་ཁོག་ཕུབ། སྔ་ཕྱིར་སློབ་ཁྲིད་སྐབས་སུ་བཏབ་པའི་ཟིན་བྲིས་དག་གིས་ཟུར་རྒྱན་བྱས་ཏེ་སླར་སྤྱི་ལོ ༢༠༡༦ ལོར་ལེགས་གྲུབ་བྱུང་བ་ཞིག་ལགས་སོ།། སྔོན་གླེང་ཞིག་གི་ཚབ་ཏུ་གངས་སྙུག་ནས་སླར་བྲིས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།