༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཨེ་མ་སློབ་གླིང་སྤྲོ་བ་ལ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-30] [རྩོམ་པ་པོ།:​ཁྱུང་དཀར་ཤེས་རིག] [གཟིགས་ཐེངས:]

ཁྱུང་དཀར་ཤེས་རིག   ཕ་ཡུལ་གངས་ཧྲ།

འཛམ་གླིང་སོག་དབྱིབ་དབྱིངས་ཀློང་དུ།།

བརྗིད་ཆེ་ལྷུན་མཐུག་གངས་རིའི་ཞིང་།།

བཀོད་ལེགས་སུམ་རྩེན་དག་པའི་ཡུལ།།

ཁ་བའི་འཛུམ་དཀར་བསིལ་ལྡན་ལྗོངས།།

དྭངས་གཙང་རྫ་ཆུ་སྨན་དྲི་འཐུལ།།

ལང་ཚོའི་སྒེག་པའི་རྣ་རྒྱན་ཅན།།

གུར་ཁང་དབུས་སུ་བཞུགས་འདྲའི་ཞིང་།།

ཁམས་སྟོད་རྔུལ་རྫའི་སྒང་གཞུང་དུ།།

དཔལ་གྱི་བརྗིད་པའི་ཁྱུང་སྟེང་དབྱིག།

དྲུང་མུའི་གྱེར་བསྟན་ཁོལ་ཕྱུངས་སའི།།

རྒྱལ་རིའི་ནོར་འཛིན་ཕང་བ་རུ།།

དཀར་དམར་འཚེར་བའི་གཤེན་སྡེ་ཆེ།།

གཡུང་དྲུང་བསྟན་རྒྱས་གླིང་ཁ་ཞེས།།

དཔག་ཚད་སྟོང་ཕྲག་ཡར་འཕཌ་པའི།།

རྣམ་པར་རྒྱལ་བའི་ཁང་བཟང་བཞིན།།

བཀོད་ལེགས་ཏོག་གི་རྒྱལ་ཕིབས་ནི།།

ཉི་ཟླའི་འགྲོས་ལམ་ཐོག་ཏུ་མངོན།།

ནང་དུ་བསླབ་གསུམ་ཁྱུང་གི་བུ།།

གཤོག་དྲུག་རྒྱས་པའི་ནོར་བུ་ལགས།།

སྙན་གྲགས་འཛམ་གླིང་ཁྱོན་དུ་འཕུར།།

བསྟན་སྐྱོང་གཟིགས་པ་མ་ཆུང་པས།།

ལྷ་དང་བླ་མའི་ཐུགས་ཉིད་དགྱེས།།

དགྱེས་པའི་མཆོད་པ་ཡ་ལ་ལ།།

འདུས་སྡེའི་མདོ་ཡི་འཛིན་གྲྭ་ན།།

ཚུལ་ཁྲིམས་མཚོ་མོ་འཁྱིལ་དེ་འཁྱིལ།།

ཏིང་འཛིན་རྦ་རླབས་ཀྱི་ལི་ལི།།

ཤེས་རབ་ནོར་བུ་སྤུངས་སེ་སྤུང་།།

ཐོས་པའི་ས་གཞི་ཡངས་སེ་ཡངས།།

བསམ་པའི་ལོ་ཏོག་སྙིགས་སེ་སྙིག།

གོམས་པའི་འབྲས་བཟང་ཉི་ལི་ལི།།

འདུས་སྡེའི་སྔགས་ཀྱི་འཛིན་གྲྭ་ན།།

བསྐྱེད་རྫོཌ་ཏིང་འཛིན་ཡ་ལ་ལ།།

ལྟ་བའི་སྒྲོན་མེ་མེ་རེ་རེ།།

སྤྱོད་པའི་པི་ཝང་སྙན་ནེ་སྙན།

སྒོམ་པའི་དྲི་བཟང་ཐུལ་ལི་ལི།།

དམ་ཚིག་བདུད་རྩི་ཐིགས་སེ་ཐིག།

འཕྲིན་ལས་རྒྱལ་མཚན་ལྷུབས་སེ་ལྷུབ།

རྟག་ཏུ་གྱེར་དབྱངས་ཉི་ལི་ལི།

རྔ་སྒྲ་གཤང་སྒྲ་ཝངས་སེ་ཝང་།།

བཅུ་དྲུག་གཞོ་ནུའི་མགུལ་རྒྱན་དུ།།

ལེགས་བཤད་འདོག་པའི་འདུལ་འཛིན་པའི།།

འཆད་པའི་གདན་དོན་ཁྲོལ་ལ་ལ།།

རྩོམ་པའི་པོད་ཆེན་སྤུངས་སེ་སྤུང་།།

རྩོད་པའི་ཐལ་སྒྲ་འུ་རུ་རུ།།

ཕྱག་བཤཌ་མཆོད་འབུལ་ཤིགས་སེ་ཤིག།

མ་ཏྲིའི་གླུ་ངག་སྙན་ནེ་སྙན།།

ཁ་འདོན་དགེ་སྦྱོར་ཁྲིགས་སེ་ཁྲིག།

འཁོར་ལོ་གསུམ་གྱི་ཕྱུག་པའི་གྲྭར།།

གཙུག་ལག་དབྱར་སྐྱེས་མེ་ཏོག་གི།

བཅུད་ལ་རོལ་བའི་བང་བ་ཁྱུས།།

གླུ་སྐད་སེང་སེང་གྲགས་པའི་སྐབས།།

ཝ་སྐྱེས་ཚོགས་རྣམས་ཀླད་པ་གས།།

འདི་ན་དབྱངས་ཅན་ལྷ་མོ་ཡི།།

ཟླ་བོ་གྱུར་བའི་སྙན་ངག་པས།།

སྲོལ་རྒྱུན་གར་སྟབས་མཛེས་སེ་མཛེས།།

བཅད་གསར་པི་ཝང་སྙན་ནེ་སྙན།།

རང་མོས་ལུས་ཕྲ་ལྡེམས་སེ་ལྡེམ།།

ཚིག་ལྷུག་སྒྱུ་རྩལ་མེ་རེ་རེ།།

རང་བཞིན་བརྗོད་པའི་ས་གཞི་ལ།།

ལེགས་ཆའི་མེ་ཏོག་ཝ་ལ་ལ།།

བཟང་པོའི་དྲི་བཟང་ཐུལ་ལི་ལི།།

མཛེས་པའི་ཚིག་རྒྱན་ཡ་ལ་ལ།།

ཨ་སྙན་རྫོགས་གསུམ་བྱིན་རླབས་ཆ།།

ཐུགས་འདྲེས་རྫོགས་ཆེན་འཛིན་གྲྭ་ན།།

སེམས་ཉིད་ནམ་མཁའ་ཡངས་སེ་ཡངས།།

ཀུན་བཟང་སྐར་ཚོམ་ཁྲ་ལམ་ལམ།།

ཐབས་ཤེས་ཉི་ཟླ་ཀྱི་ལི་ལི།།

ཉམས་རྟོགས་སྤྲིན་སྤུངས་ཉི་ལི་ལི།།

ཐུགས་རྗེའི་ཆར་པ་ཤར་ར་ར།།

བྱིན་རླབས་མཇའ་གུར་ཁྲིགས་སེ་ཁྲིག།

བདེ་བའི་མེ་ཏོག་ཚོམས་སེ་ཚོམ།།

སྐལ་ལྡན་ངང་ཁྱུའི་རྩེན་ས་འདིར།།

ཞིང་ཁམས་གཉིས་པའི་མཚན་གྱིས་བཟི།།

བཅུ་རིག་འོ་མ་བཤིག་པ་ཡི།།

མར་གསར་ཟླ་བའི་ཁ་དོག་ཅན།།

ཚོཌ་གཉིས་ནོར་བུ་ཐོས་ཙམ་གྱིས།།

སྐལ་ལྡན་དད་པའི་སྟོབས་རྩལ་རྒྱས།།

ཚུལ་ཁྲིམས་གཙང་མའི་གཤོག་པ་བརྐྱངས།

ཏིང་འཛིན་གཡོ་མེད་མཁའ་ལ་ལྡིང་།།

ཤེས་རབ་བཅུ་རིག་བཅུད་ལ་རོལ།།

བསླབ་གསུམ་ཡོན་ཏན་ནོར་གྱི་ཕྱུག།

བླང་དོར་དཔྱད་ཀྱི་མེ་ལོང་དྭངས།།

བྲག་དམར་མེ་རིའི་གནས་ཆེན་རུ།།

བདེར་གཤེགས་སེང་གེའི་ཁྲི་ལ་བརྗིད།།

སྲུང་མ་ནུས་རྩལ་མྱུར་མགྱོགས་ཆེ།།

མདུན་དུ་གཤེན་ཕྲུག་རིག་པ་འབར།།

དཔྱད་བརྗོད་གསེར་གྱི་གཙག་བུ་རྣོ།།

གཙུག་ལག་མཛོད་འཛིན་སྨྲ་བའི་སེང་།།

མི་ཡི་ཚུལ་འཛིན་གནས་འདིར་མང་།།

རྒྱལ་བ་བྲུ་ཡི་རིང་ལུགས་ཆེ།།

དཔྱིས་ཕྱིན་མཁས་པ་གསེར་རའི་ཕྲེང་།།

གནས་འདིར་ཤ་མོང་རྡོལ་དང་མཚུངས།།

ཐལ་སྐད་འབྲུག་ལས་ཚ་བ་ཡི།།

རྩོད་པའི་ངང་ཁྱུའི་ཁོ་ལག་མཛེས།།

ལེགས་བཤད་རྣ་བའི་བཅུད་ལེན་པའི།།

རྩོམ་གསར་པི་ཝང་སྙན་འཇེབས་སྒེག།

འཆད་ཁྲིད་མ་རིག་ནད་དཀྲུ་བའི།།

གསང་གདམས་བདུད་རྩིའི་སྨན་ཆེན་བབས།།

ཚོགས་གཉིས་གཏེར་ལ་ལོངས་སྤྱོད་པའི།།

དད་ལྡན་ལས་ལྡན་གནས་འདིར་མང་།།

ཧཱ་ཧཱ་ཨ་ཅེ་དབྱངས་ཅན་མ།།

སྙན་ཚིག་ངལ་གསོ་བྱ་རོགས་ཀྱིས།།

ངལ་གསོའི་ཉི་མ་སྐྱིད་སྣང་གི།

ཚོར་བ་ཚིག་གླུ་ལ་སྟར་བ་རྫོགས།།

༢༠༡༧__༦___༥ཉིན། སྟེང་རྒྱ་ཇ་མེ་ཏོག་བསིལ་མའི་ཁང་དུ་བྲིས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།