༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཧྥིན་ལན་ཌི་རུ་གདན་འདྲེན་ཞུས་པ།
[རྩོམ་ཁུངས།:མེ་ལོང་ཡེ་ཤེས།] [ཟླ་ཚེས།:2017-06-04] [རྩོམ་པ་པོ།:མེ་ལོང་ཞེས་སུ་འབོད་པ།] [གཟིགས་ཐེངས:]

5.pic༠༡ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་གཙོ་འགན་བཞེས་པའི་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས།༽ཞེས་པའི་གནའ་དཔེ་འཚོལ་བསྡུའི་སྡེ་ཚན་གྱིས་ད་སྔོན་གནའ་དཔེ་འབོར་ཆེན་འཚོལ་བསྡུ་བྱས་ནས་གློག་རྡུལ་ཡིག་གཏགས་དང་། མ་དཔེ་གོ་བསྡུར་སོགས་བརྒྱུད་དགོས་པའི་དཀའ་ཚེགས་མི་ཉུང་བ་ཞིག་ལ་ལོ་མང་རིང་གདོང་ལེན་གནང་བ་དང་། རྒྱུ་གྲོན་འབོར་ཆེན་བཏང་གནང་བའི་ཕྱག་རྗེས་སུ་བོན་གྱི་བཀའ་དང་བཀའ་བརྟེན་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པ་དང་། དེ་བཞིན་པར་སྐྲུན་དང་འགྲེམས་སྤེལ། སྤུས་ཚད་སོགས་གང་ཐད་ནས་ཡར་རྒྱས་ཀྱི་རྣམ་པ་འབུར་དུ་ཐོན་པ་བྱུང་ཡོད། དེར་བརྟེན་འབྲེལ་ཡོད་ཤེས་ལྡན་པའི་ཚོགས་དང་དད་ལྡན་མི་ཉུང་བ་ཞིག་གིས་བསྔགས་བརྗོད་གནང་ཡོད་པ་མ་ཟད་འཛམ་གླིང་ཤར་ནུབ་གང་སར་གདན་འདྲེན་ཞུས་ཏེ་གངས་ཅན་མེས་པོའི་ཆོས་དང་རིག་གཞུང་ལ་དུས་རབས་ཀྱི་འགྲོས་དང་བསྟུན་པའི་གསོན་ཤུགས་རྒྱས་འགོ་ཚུགས་ཡོད།

ཁྱད་པར་དུ་༼གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་༽ཞེས་སངས་རྒྱས་གཤེན་རབ་མི་བོའི་བཀའ་ཡི་ཚོམ་བུ་དེབ་གྲངས་ ༡༥༠ ཐམ་པའི་བདག་ཉིད་ཅན་འདི་ཉིད་དེང་དུས་བོད་རིག་པ་བ་ཐུན་མོང་གིས་སྤྱོད་གོ་ཆེ་བའི་ཡིག་དཀར་དྭངས་གཙང་ཅན་གྱི་དེབ་གཟུགས་སུ་པར་སྐྲུན་གནང་ཐུབ་ཡོད་པས་ཀློག་པ་པོ་རྣམས་ལ་ཉོབ་སྣང་མི་སྟེར་བར་མ་ཟད་སྐུང་ཡིག་མེད་པས་ཡིག་འབྲུ་ལ་ཚོད་འཇོག་མི་དགོས་པ་དང་། ཚིག་གི་འབྲུ་རྡོག་རེ་རེ་བཞིན་མིག་འདུན་དུ་ཐོན་ཡོད་སྟབས་འབྲུ་མི་གསལ་བ་དང་། ཀློག་མི་ཤེས་པ་སོགས་ཞན་ཆའི་རིགས་ཀྱི་གནད་དོན་མང་པོ་ཐག་གཅོད་ཐུབ་ཡོད། ད་དུང་ནང་གསེས་ཀྱི་ལེའུ་ཚན་རྣམས་ལ་དཀར་ཆག་ཞིབ་གསལ་འགོད་ཐུབ་འདུག་པས་རྩ་བའི་དཔེ་ཆའི་སྤྱི་དོན་ལ་རྒྱུས་ལོན་གང་འཚམས་བྱེད་ཐུབ་པ་དང་། ལྷག་ཏུ་གསུང་པོད་ཀྱི་ལེའུ་ཚན་གཅིག་འཚོལ་བར་གསུང་པོད་མི་འདྲ་བ་མང་པོ་ཞལ་དབྱེ་མི་དགོས་པར་དེབ་གཅིག་གི་ཉིན་སྲིབ་ནས་འཚོལ་བྱའི་ཁ་བྱང་རྙེད་ཐུབ་པའི་ཁྱད་བོན་ལྡན།

དཔེ་མཛོད་ཁང་།༠༢དེ་རིང་འདི་ནས་དགའ་འོས་པའི་གནས་ཚུལ་གཞན་ཞིག་སྟེ་ཉེ་ཆར་ནུབ་གླིང་ཁུལ་ཧྥིན་ལན་ཌི་Finland རྒྱལ་ཡོངས་དཔེ་མཛོད་ཁང་གི་དབུ་འཛིན་ ཁའེ། ཨིས་ཁཱོལ་ Director of the National Library Kai Ekholm ལགས་ཀྱིས་བོན་གྱི་༼གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།༽ཚར་གཅིག་ཧྥིན་ལན་ཌི་ Finland རྒྱལ་ཡོངས་དཔེ་མཛོད་ཁང་དུ་གདན་འདྲེན་ཞུས་པ་དང་། ཉིན་འདིར་དཔེ་མཛོད་དབུ་འཛིན་ཁོང་གིས་འབྲེལ་ཡོད་མི་ཉུང་བ་ཞིག་དང་ལྷན་དུ་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་རྣམས་དཔེ་མཛོད་ཁང་ཆེན་ནང་དངོས་སུ་ཞལ་ཕྱེས་ནས་བཀུར་བསྟི་ཞུས་པ་འདིས་བོད་ཀྱི་ཆོས་ལུགས་རིག་གནས་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་གསར་པ་ཞིག་འདྲེན་ཐུབ་པ་མཚོན་ཡོད། དཔེ་མཛོད་ཁང་འདི་ནི་དུས་རབས་བཅུ་དྲུག་པའི་ནང་གི་ལོ་རབས་བཞི་བཅུ་ཐམ་པ་ནས་དབུ་བཙུགས་པས་ད་བར་ལོ་ངོ་ ༣༧༧ ཙམ་གྱི་ལོ་རྒྱུས་ལྡན་པ་བཅས་ཀྱི་གནས་བསྡུས་ཙམ་དུ་མེ་ལོང་ཞེས་སུ་འབོད་པས་ ༢༠༡༧ ཟླ་ ༠༥ ཚེས་ ༣༠ ཉིན་སྤེལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།