༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
ཁྱུང་པོ་སྟེང་ཆེན་དགོན་དུ་གསུང་རབ་སྒོ་མཛོད་རིན་པོ་ཆེ་ཞལ་འབྱེད་གནང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:མཛད་སྒོ་གོ་སྒྲིག་ཚོགས་ཆུང་།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་དུ་རྒྱལ་བའི་བཀའ་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམཞེས་པའི་དེབ་ཚོམས་གདན་འདྲེན་དང་ཞལ་འབྱེད་ཀྱི་མཛད་སྒོ་སྤེལ་བ།

     དེ་ཡང་འབྱུང་ལྡན་༣༠༡རབ་བྱུང་ ༡༧ བོད་ཤིང་ལུག་ལོ་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༣ ཉིན་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཁྱུང་པོ་སྟེང་ཆེན་དགོན་དུ་འདུས་པ་རྒྱ་མཚོའི་སེར་ཕྲེང་དང་དགོན་ཞབས་ལྷ་སྡེ་རྣམ་པས་ཆིབས་འཁོར་ཉིས་བརྒྱ་ལྷག་ཙམ་གྱིས་གདན་འདྲེན་བསུ་བ་ཞུས་ནས་ཕྱི་དྲོ་དཔེ་མཛོད་བཀའ་འབུམ་རབ་རྒྱས་ཁང་དུ་དབང་ལྡན་དུས་འཁོར་གྱི་རབ་གནས་གསུངས་པའོ།  །




       དེ་ནས་སྤྱི་ཚེས་ ༢༦ཉིན་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་དང་དཔེ་མཛོད་བཀའ་འབུམ་རབ་རྒྱས་ཀྱི་མདུན་དུ་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་ཚོམས་ཞལ་འབྱེད་ཀྱི་མཛད་སྒོ་སྤེལ་བ་རེད།



     ཞལ་འབྱེད་མཛད་སྒོའི་སྐབས་སུ་ཐོག་མར་མཛད་སྒོའི་འབྲེལ་མཐུད་པས་ཚོགས་མི་ཡོངས་ལ་འཚམས་འདྲིའི་བདེ་ལེགས་ཞུས་གནང་པ།

    འོ་ལགས་སོ།  །ད་དི་རིང་བཀྲ་ཤིས་བདེ་ལེགས་ཀྱིས་ཁྱབ་པའི་སྐལ་བཟང་གི་ཉིན་མོ་འདིར།  ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ།  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཞེས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དེབ་ཚོམས་ཞལ་འབྱེད་མཛད་སྒོ་དང་།   ༢༠༡༥ ལོའི་འདི་གའི་བཤད་སྒྲུབ་སློབ་གླིང་གི་ལོ་འཁོར་གཟེངས་རྟགས་ཀྱི་མཛད་སྒོ་གཉིས་ད་ལྟ་དངོས་སུ་མགོ་འཛུགས་པའི་སྐབས་སུ།  ངས་ཐོག་མར་མཛད་སྒོའི་དབུ་མགོན་དུ་བཞུགས་གནང་བའི་ ༧ སྐྱབས་རྗེ་དཔོན་གསས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་།  རྒྱལ་བ་སྨན་རི་བའི་དགེ་བཤེས་ཆེན་མོ།  ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན་མཆོག་དང་།  དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་ཆེན་མོ།  ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་གྲྭའི་མཁན་པོ་འཕགས་མཆོག་སེམས་དཔའ་མཆོག་དང་།  ཁྱུང་པོ་སྟེང་ཆེན་དགོན་གྱི་སློབ་དཔོན།  བླ་མ་གཙུག་གསས་ཡང་རྒྱལ་མཆོག་དང་།  དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་ཆེན་མོ། གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་གཙོ་སྒྲིག་པ་རྒན་ཀུན་བཟང་རྒྱལ་མཚན་མཆོག་བཅས་མཛད་སྒོའི་དབུ་བཞུགས་ཀྱི་བླ་མ་དགེ་བཤེས་རྣམས་དང་།  གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་སྒྲིག་ལྷན་ཚོགས།  བོན་གཤེན་བསྭོ་སྒྲའི་རྩོམ་སྒྲིག་ལྷན་ཚོགས།  ཁྱུང་པོའི་དྲ་བའི་རྩོམ་སྒྲིག་ལྷན་ཚོགས།  སུམ་ལྡན་འདུས་པ་རྒྱ་མཚོའི་ཚོགས།  བསྟན་སྦྱིན་དད་ལྡན་ལྷ་སྡེ་མི་དམངས་རྣམ་པ་བཅས་ཚོགས་མི་ཡོངས་ལ་ངས་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དགའ་བསུའི་ཐལ་སྒྲ།

    དེ་ནས་མཛད་སྒོ་འབྲེལ་མཐུད་པ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་ནས་ཤིས་བརྗོད་ཚོམ་བུ་ཞིག་གིས་མདུན་བསུས་ནས་དི་རིང་གི་མཛད་རིམ་རྣམས་ངོ་སྤྲོད་ཞུས་པ།

   ཁོང་གིས་གྱེར་བའི་ཤིས་ཚིག

    ཨེ་མ།  འདི་ན་ཚེས་པའི་དུས་འདི་ནི་དུས་བཟང་སྟེ།  སྟེང་གི་ལྷ་གར་རྟེན་གསུམ་ཡར་ལ་རྒྱལ།  འོག་གི་འདྲེ་སྲིན་བྱུར་གསུམ་མར་ལ་ཕམ།  བར་གྱི་མི་སྣ་གཤེན་གསུམ་དགེ་ཞིང་སྐྱིད་པའི་དུས་བཟང་ཞིག  དུས་འདི་དུས་བཟང་སྟེ།  རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐུ་གསུང་ཐུགས་བསྟན་གྱི་གཟི་བྱིན་སྤྲིན་ཐག་མ་ཆད་ལ།  བསྟན་པ་དེ་ཡི་བདག་པོ་ངོ་མ་སྟེ།  གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བ་མཆོག་སྐུ་ཡི་དགུང་གྲངས་བརྒྱད་བཅུའི་ལང་ཚོ་མཛེས་པའི་དུས་ཞིག་རེད།  བསྟན་པ་འདི་ཡི་ཀ་བ་ངོ་མ་སྟེ།  རྗེ་བླ་མ་ཡོངས་འཛིན་སྨྲ་བའི་སེང་གེ་ཚེ་ལ་དབང་བའི་རིག་འཛིན་གྱི་གཟུགས་སུ་སྐུ་ཡི་དགུང་གྲངས་དགུ་བཅུར་བཞེས་ཀྱང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྐུ་མཆོག་ཉི་མ་གཞོན་ནུའི་ཚུལ་དུ།  མདོ་སྔགས་སེམས་གསུམ་བོན་གྱི་གདམས་དབྱངས་རྒྱུན་མེད་ལྷང་ལྷང་དུ་གྱེར་བའི་དུས་ཞིག་རེད།

    ཨེ་མ་འདི་ན་བཀྲ་བའི་གནས་འདི་ནི་ངོ་མཚར་ཅན་ཞིག་སྟེ།  གནམ་འཁོར་ལོ་རྩེ་དགུའི་གདུགས་ཕུབ་ཅིང་།  ས་པད་མ་འདབ་བརྒྱད་ཀྱི་གདན་མཛེས་པ།  རྫོགས་བྱང་ཆུ་བོ་ཟུང་གི་པ་ཏྲ་འཁྱིལ་བ།  མི་རྗེ་ཁྱུང་དཀར་རྒྱལ་པོའི་བསྟན་སྲིད་ཀྱི་རྒྱལ་མཚན་སྒྲོན་ས།  ཐུན་མིན་ནང་རིག་པའི་བདུད་རྩིས་བུམ་བཟང་གང་བ།  ཐུན་མོང་བཟོ་སྒྲ་གསོ་རིག་གི་གསེར་ཉའི་འཁྱུགས་རྩལ་ངོམ་ས།  བཤད་སྒྲུབ་སྒོམ་པའི་འདུས་སྡེས་བོན་དབྱངས་ཀྱི་དུང་བརྡ་ལྷང་ལྷང་སྒྲོག་པའི་དག་ཞིང་སྟེ།  དང་པོ་ཁྱུང་པོ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་པ།  བར་དུ་རྒྱལ་བ་བློ་ལྡན་སྙིང་པོས་མདོ་དྲི་མེད་གཟི་བརྗིད་ཀྱི་མ་ཡིག་བུ་ཡིག་ཏུ་ཕབ་ས།  ད་ལྟའི་ཆར་ལུང་ཟིན་གྱི་སྐྱེས་ཆེན་མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་རླབས་ཆེན་མཛད་འཕྲིན་བསྐྱང་སའི་གནས་ཞིག་སྟེ།  དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཡོངས་གྲགས་སུ་ཁྱུང་པོ་སྟེང་ཆེན་དགོན་དུ་འབོད་པའི་གཡུང་དྲུང་བསྟན་པ་བོན་གྱི་གཞིས་སྒར་ཞིག་རེད།

    འདི་ན་གཉེར་བའི་འཕྲིན་ལས་འདི་ནི་རླབས་ཆེན་ཞིག་སྟེ། འདི་ནི་སྤྱིར་གཡུང་དྲུང་བོན་གྱི་བདེན་སྟོབས་དང་།  སྒོས་གངས་ཅན་འགྲོ་བའི་བསོད་ནམས།  ལྷག་ཏུ་རྗེ་འོད་ཟེར་སྦྱིན་པའི་འཕྲིན་ལས་ལས།  སྤྱི་ལོ་ ༢༠༠༦ ལོ་ནས་བཟུང་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་དབུ་བཙུགས་ནས།  སྤྱིར་རྒྱལ་བའི་བཀའ་དང་།  སྔ་དར་མཁས་གྲུབ་ཀྱི་བཀའ་བརྟེན།  ཕྱི་དར་མཁས་པའི་གསུང་འབུམ་བཅས་སྡེ་ཚན་གསུམ་དུ་དགར་ནས་པོད་གཟུགས་དེབ་གཟུགས་ཁྲི་ཚོ་མང་པོ་འཛམ་གླིང་ཤར་ནུབ་ཀྱི་བགོ་སྐལ་དུ་སྤེལ་བ་འདི་རེད།  འདི་ནི་དཀར་ནག་བཀྲ་གསལ་དུ་བསྟན་པ་རྗེས་བཞག་བྱས་ནས་བཟུང་།  གྲུབ་ཆེན་བརྒྱད་བཅུ་རྣམས་བོན་ལ་གྲུབ་པ་བསྙེམས་ནས་བཟུང་།  གཤེན་གྱེར་རྨ་དབྱིལ་གྱི་བཀའ་གཏེར་དངོས་གྲུབ་བླངས་ནས་བཟུང་།  དུས་ཀྱི་འཕོ་འགྱུར་འོག  ཆབ་སྲིད་ཀྱི་ལམ་འཕྲང་དབར།  གྲུབ་མཐའི་ཆགས་སྡང་འོག  འབྱིན་མ་ཕོད་པའི་འོད་ཟེར་གྱི་འཁྱིལ་ཁུགས་ཞིག  དི་རིང་འཛམ་བུ་གླིང་པའི་སྤྱི་དཔལ་དུ་སྒྲོན་པ་སྟེ།  གསེར་འོད་འབར་བའི་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་འོད་སྣང་ཆེམ་མེར་ཚེས།  བསྒྱེལ་མ་ནུས་པའི་ལྐོག་གྱུར་གྱི་རྡོ་རིང་ཞིག  དི་རིང་གི་བོན་རིག་པ་བའི་དཔྱད་གཞི་རུ་གྱེན་ཏུ་བསྒྲེངས་པ་སྟེ།  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་ཐེམས་སྐས་གྱེན་ལ་བསླངས།  བསུབ་མ་ཐུབ་པའི་ལོ་རྒྱུས་ཀྱི་རི་མོ་ཞིག  དི་རིང་གི་བོན་ཞིབ་འཇུག་མི་སྣའི་མིག་ཡིད་ཀྱི་དགའ་སྟོན་ཏུ་སྤེལ་བ་སྟེ།  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་འོད་རིས་དབྱིངས་ན་འཚེར།

    འདི་ནི་གཤེན་རབ་སྟོན་པའི་གསུང་ཨེ་མ་སྒོ་བཞི་མཛོད་ལྔའི་བོན་གྱི་གླེགས་བམ་ནར་མོ།  མི་ཡུལ་དུ་དེབ་གཟུགས་སུ་བསུ་བ་ཞུས་པ་སྟེ།  འདི་ནི་ཞང་བོད་མིའི་རིགས་ཀྱི་མེས་པོའི་ཆོས་ལུགས་ལ་བླ་ན་མེད་པའི་སྲི་ཞུ་སྒྲུབ་སྟངས་ཞིག་ཡིན།  འདི་ནི་སྲིད་ན་འབར་བའི་ངོ་མཚར་གྱི་མཛད་རྗེས་ཡིན་ལ།  འདི་ནི་བསྟོད་ན་འོས་པའི་སྤྱི་ཕན་གྱི་དོན་ཆེན་ཡིན།  འདི་ནི་སྐྱེས་ཆེན་འོད་ཟེར་སྦྱིན་པའི་ཐུགས་སྟོབས་ལས་འཁྲུངས་པའི་རླབས་ཆེན་གྱི་འཕྲིན་ལས་ཡིན།  འདི་ནི་གཡུང་དྲུང་བསྟན་རྒྱས་གླིང་གི་གསེར་གྱི་རྒྱལ་མཚན་གྱི་འོད་མདངས་གངས་དཀར་རི་བོའི་ཁུད་དུ་ཕོགས་པ་ལགས།  སྔོན་སྟོན་པ་མཆོག་ལ་ལྷ་མོ་བཀྲ་ཤིས་མས་ཕྱག་ན་བཀྲ་ཤིས་རྟགས་བརྒྱད་བསྣམས་ནས་བཀྲ་ཤིས་གསོལ་བ་བཞིན་མཛད་འཕྲིན་འདི་ལ་དེ་བཞིན་དེང་འདིར་དགེ་མཚན་སྩོལ་ཞིག  ཨེ་མ་ཧོ།  ཐ་ཚན་མུ་ཙུག་སྨར་རོ།  །

དེ་ནས་མཛད་སྒོའི་འབྲེལ་མཐུད་པས་ཞལ་འབྱེད་མཛད་རིམ་རྣམས་ངོ་སྤྲོད་ཞུས།

མཛད་སྒོའི་རིམ་པ་དང་པོ།

     ༡ དེ་ནས་མཛད་སྒོའི་ཐོག་དང་པོ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་འ་ཞ་གསང་བ་མདོ་སྡུད་ཀྱིས་ཕུལ་བའི་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་བསྟོད་ཕྱག་མཛད་བཅུ་གསོལ་འདེབས་གསུངས་པ།

    ༢ དེ་ནས་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་བཟོད་པ་རིན་པོ་ཆེ་ནས་གསུང་རབ་སྒོ་མཛོད་རིན་པོ་ཆེ་དབུ་འབྱེད་ཀྱི་ཤིས་ཚིག་བོད་རྒྱ་དབྱིན་གསུམ་གྱི་སྐད་ཐོག་ནས་སྒྲོག་པ།

    ༣ དེ་ནས་འདུས་པ་རྒྱ་མཚོས་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་སྤྱན་དབྱེ་གསུངས་ཏེ་དཔོན་གསས་བླ་མ་རྣམས་ནས་སྣང་གསལ་སྒྲོན་མེ་སྤར་ཏེ་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་ཞལ་ཁ་ཕྱེས་པ།


    ༤  སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་བོན་བསྟན་འཛིན་པའི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱ་བརྟན་ཞིང་མཛད་འཕྲིན་གེགས་མེད་འགྲུབ་ཕྱིར་གསུང་རབ་སྒོ་མཛོད་རིན་པོ་ཆེའི་དཔེ་ཕུད་ཕུལ་བ།

དཔེ་ཕུད་རིམ་པ་དང་པོ།

    འཛམ་གླིང་བོན་གྱི་གཙུག་རྒྱན་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་དགོངས་བཞེད་གེགས་མེད་འགྲུབ་པའི་གསོལ་བ་འདེབས་པའི་རྟེན་དུ་ཕུལ།

དཔེ་ཕུད་རིམ་པ་གཉིས་པ།

    བརྒྱུད་གསུམ་བསྟན་པའི་མཛོད་འཛིན་ ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་དགོངས་བཞེད་གེགས་མེད་འགྲུབ་པའི་གསོལ་བ་འདེབས་པའི་རྟེན་དུ་ཕུལ།

དཔེ་ཕུད་རིམ་པ་གསུམ་པ། གསང་ཆེན་བོན་གྱི་མངའ་བདག  སྐྱབས་རྗེ་རྒྱལ་དབང་གཤེན་སྲས་རིན་པོ་ཆེ་ལ་ཕུལ།

དཔེ་ཕུད་རིམ་པ་བཞི་པ།  གདན་ས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་ལ་ཕུལ།

དཔེ་ཕུད་རིམ་པ་ལྔ་པ།  སྣང་ཞིག་དགོན་ཆེན་གྱི་སྐྱབས་མགོན་རིན་པོ་ཆེ་ལ་ཕུལ།

དཔེ་ཕུད་རིམ་པ་དྲུག་པ། ཀུན་མཁྱེན་ཤར་རྫ་པའི་རྒྱལ་ཚབ་འཇིག་མེད་དབང་ཕྱུག་རིན་པོ་ཆེ་ཕུལ།

དཔེ་ཕུད་རིམ་པ་བདུན་པ།  ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ལ་ཕུལ།

    ༥ དེ་ནས་བོད་ཀྱི་སྲོལ་རྒྱུན་ལྟར་བཀྲ་ཤིས་པའི་ཟས་སྣ་འབྲས་སིལ་མར་ཁུའི་གསོལ་སྟོན་དང་ལྷན།  ཞོར་དུ་སྐབས་བཅུ་གསུམ་པའི་སྒྲུབ་ཐོན་མཁན་པོ་ཤེས་རབ་དར་རྒྱས་མཆོག་གི་སྦྱིན་བདག་རྣམས་ནས་སེམས་དཔའ་འདུས་སྡེའི་ཚོགས་ལ་སྐུ་འགྱེད་བསྙེན་བཀུར་ཕུལ།


    ༦ དེ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་གཙོ་སྒྲིག་རྒན་པ་ཀུན་བཟང་རྒྱལ་མཚན་མཆོག་ནས་དཔེ་ཚོགས་ལེགས་ཞུས་སྐོར་གྱི་གསུང་བཤད་གནང་པ།

ནང་དོན་གནད་བསྡུས།

    ༧ རྒྱལ་བའི་བཀའ་བོན་གྱི་གསུང་རབ་སྒོ་མཛོད་རིན་པོ་ཆེ་ལེགས་གྲུབ་བྱུང་བའི་མཛད་སྒོའི་གཏམ་བཤད་ཐུང་ངུ་།
        དི་རིང་འདིར་ཕེབས་པའི་བསྟན་པ་རིན་པོ་ཆེའི་དོན་གྱི་བདག་པོ་བླ་མ་དང་མཁན་སློབ་དགེ་བཤེས་གཙོས་པའི་དགེ་འདུན་སེར་མོ་བའི་སྡེ་དང་།  བསྟན་སྦྱིན་དད་ལྡན་གནད་ཡོད་མི་སྣ་གཙོས་པའི་སྐྱེ་བོ་ཕོ་མོའི་སྡེ་དང་བཅས་པའི་ལྷན་རྒྱས་ཡོངས་ལ།  ཁྱུང་པོ་སྟེང་ཆེན་དགོན་དུ་གནའ་རབས་ཞང་བོད་ཀྱི་ལོ་རྒྱུས་ལྡན་པའི་དཔེ་མཛོད་  <<བཀའ་འབུམ་རབ་རྒྱས་ཁང>> ཉམས་གསོ་ཞུས་ཏེ་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་བཙུགས་ནས་བོན་གྱི་བཀའ་དང་བཀའ་བརྟེན་དུ་མ་དཔར་སྐྲུན་དང་འགྲེམས་སྤེལ་ཞུས་པ་ལེགས་གྲུབ་བྱུང་བ་དང་།  ཁྱད་པར་དུ།  གཡུང་དྲུང་བོན་གྱི་བསྟན་ལ་ལྷག་བསམ་ཆེ་བའི་གོང་འོག་བར་གསུམ་ཚང་མའི་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་ཉེར་ལེན་ལས། རྒྱལ་བའི་བཀའ་འགྱུར་རམ་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་དཔེ་ཚོགས་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ་བའི་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་ངས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

       དི་རིང་གི་མཛད་སྒོ་འདི་ནི་གསུང་རབ་སྒོ་མཛོད་རིན་པོ་ཆེ་ལེགས་གྲུབ་ཀྱི་མཛད་སྒོ་ཡིན་ལ། གཡུང་དྲུང་བོན་གྱི་བཀའ་འགྱུར་དུས་རབས་དང་འཚམས་པའི་འཛམ་གླིང་ཞི་བདེ་སྐྲུན་པའི་དུས་གནད་ཁྱད་པར་ཅན་ཞིག་ཡིན་ཟེར་ནའང་ཆོག  བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་བྱས་རྗེས་ཁ་ཙམ་མིན་པ་དོན་ཐོག་ལག་ལེན་བཀལ་བའི་འབྲས་བུ་རྡོག་པོར་གྲུབ་པའི་བཀྲ་ཤིས་གཏང་རག་འབུལ་བའི་མཛད་སྒོ་ཟེར་ནའང་ཆོག  གང་ལྟར་ང་ཚོ་ལས་དང་སྨོན་ལམ་གྱིས་འབྲེལ་བའི་བསྟན་པ་སྤེལ་བའི་མཛད་སྒོ་བཟང་པོ་འདི་ཐོག་ལ།  ངས་ཞུ་དོན་གཙོ་བོ་ནི།  རྒྱལ་བའི་བཀའ་འགྱུར་རམ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་དཔེ་ཚོགས་ཏེ།  འདི་ཡི་་དཔེ་གཟུགས་ལ་གླེགས་བམ་པོད་ཉིས་བརྒྱ་དང་།  དེབ་གཟུགས་བརྒྱ་དང་ལྔ་བཅུ་ཅན་འདི་ཉིད་ཁྱུང་ལུགས་ཁྲ་རིས་ཡིག་གཟུགས་འཕྲུལ་གཟུགས་ཅན་གྱི་ཐོག་ཏུ་ཕབ་ཞུས་གསལ་བསྒྲིགས་བྱས་པ་ཆ་མཉམ་སྤུས་དག་བྱུང་ཡོད་པའི་རེ་བ་ཡོད་ལ།  ད་དུང་ཁྱུང་ལུགས་ལྡོང་མདོའི་ལྷ་བྲིས་ཀྱི་དབུ་ལྷ་དང་།  གཞན་ཡང་མཆོད་རྟེན་དཀྱིལ་འཁོར་སོགས་བཞག་སྟེ་གང་ཟབ་ཀྱིས་དག་བཞེངས་བྱས་པའི་ཁུལ་ཡིན།  དེ་སྔོན་དང་མ་འདྲ་བའི་བཟང་ཕྱོགས་ཀྱི་ཡར་རྒྱས་ཅུང་ཙམ་བྱུང་བའི་རེ་བ་བྱེད་ཀྱི་ཡོད།  འདི་དག་ནང་དོན་དང་མཚོན་དོན་བྱུང་རིམ་བཅས་ཀྱི་ཐད་ནས་བསམ་ན་རྩ་ཆེའི་རིག་གཞུང་རྙིང་པ་འཛམ་གླིང་ཐོག་ན་ཆེས་དཀོན་པའི་ནོར་བུ་ངོ་མ་ཡིན་ཟེར་བའི་སྤོབས་པ་དངོས་གནས་ཡོད།  དེས་ན།  དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་ང་ཚོའི་རིག་གཞུང་ལ་གཏོར་རླག་ཐེབས་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་བྱུང་ཡོད་ཀྱང་།  ཉེ་ཤོས་རིག་གནས་གསར་བརྗེའི་ལས་འགུལ་སྐབས་རྩ་བརླག་ཉམས་ཆག་གཏོང་བའི་རྒྱུད་རིམ་ནང་།  དད་ལྡན་སྙིང་སྟོབས་དང་ལྡན་པ་འཇིག་རྟེན་འདི་ཡི་ཁེ་གྲགས་སོགས་ཀྱི་རེ་བ་གཏན་ནས་མེད་པའི་བསྟན་དོན་དུ་ལུས་སྲོག་གཏོང་ཟེར་བ་དངོས་གནས་དེ་འདྲ་ཡིན་རྒྱུ་རེད།  སྐབས་དེ་དུས་སྐུ་རྟེན་དང་གསུང་རྟེན་ཐུགས་རྟེན་སྦས་ཉར་བྱེད་མཁན་དེ་རྣམས་དོན་གྱི་དཔའ་བོ་ངོ་མ་རེད།  དི་རིང་གསུང་རབ་སྒོ་མཛོད་རིན་པོ་ཆེ་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ་བའི་ཕུགས་ཀྱི་འགག་རྩ་ཁོང་རྣམ་པར་ཐུག་ཡོད་རེད།  བོད་མདོ་དབུས་ཁམས་གསུམ་གཙོས་པའི་གང་ས་ནས་ཕྱོགས་བསྡུ་གཡར་པོ་ཐུབ་པ་ང་ཚོ་སྒོ་མཛོད་དཔེ་ཞུས་ཚན་པར་བཀའ་ཡི་སྐོར་གླེགས་བམ་པོད་སུམ་བརྒྱ་མ་ཟིན་ཙམ་བྱུང་ཡོད།  དེ་རྣམས་ད་ལྟ་ས་ཆ་གང་དུ་ཡོད་མེད་དཔེ་བདག་སུ་དང་སུ་ཡིན་ཐོ་འགོད་བྱས་ནས་དཔར་སློག་རེ་བྱས་ཏེ་ང་ཚོས་ཉར་ཡོད་ལ།  དཔེ་ཚོགས་ཀྱི་མཇུག་བྱང་ལའང་བཀོད་ཡོད།  དེ་དག་ཚང་མ་ཕྱོགས་བསྡོམས་ནང་ལ་བཀའ་འགྱུར་འཕྲུལ་པར་ཅན་གྱི་བརྒྱ་ཆ་དགུ་བཅུ་མ་ཟིན་ཙམ་རྙེད་ཐུབ་ཡོད་པ་མ་ཟད།  དབལ་ཁྱུང་བཀའ་འགྱུར་ནང་མ་བཞུགས་པའི་དཔེ་དཀོན་ཡང་གང་འཚམས་རྙེད་ཡོད།  གཞན་ཡང་དཔེ་རྒྱུན་མ་འདྲ་བའི་བསྡུར་ཡ་མང་ཤོས་ལ་ཚར་བདུན་བརྒྱད་མན་ཆད་ཡོད་པས་ངེད་ཚོས་བསྡུ་བསྒྲིགས་བྱས་པའི་དཔེ་གཞི་གཙོ་བོ་ཡང་དེ་རྣམས་ཡིན།  ངས་དི་རིང་དཔེ་བདག་དེ་རྣམས་ལ་ཁ་ཞེ་གཉིས་མེད་ཀྱི་གུས་འདུན་ཆེན་པོས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ།  ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཟེར་ནའང་མི་ཆོག་རྒྱུ་མེད།  ཁ་ཙམ་མིན་པའི་དོན་གྱི་རྗེས་དྲན་གྱི་ལེགས་གསོལ་ཡོང་གི་དྲན་གྱི་ཡོད།  སྲོག་ལ་མ་འཛེམས་པའི་དོན་དག་དངོས་གནས་དེ་ལེགས་གྲུབ་ཀྱི་མཚོན་རྟགས་རྟེན་འབྲེལ་ངོ་མ་དེ་རེད་དྲན་གྱི་ཡོད།  ད་དུང་དེ་དང་འདྲ་བ་ས་ཕྱོགས་གང་སར་ཉར་བསྡད་པ་ག་ཚད་དགོས་དགོས་ང་ཚོས་ཧ་མ་གོ་བ་ཡོད་ཆོག་གི་རེད།  དེ་ཚོ་མ་འོངས་པའི་ལས་དོན་འདི་དང་འདི་འདྲ་བོ་བྱུང་བའི་མཁོ་འདོན་གྱུར་ན་དཀའ་ངལ་བྱས་པའི་དོན་གོ་ཆོད་པ་རེད་དྲན་གི་ཡོད།  ཞུས་བསྒྲིགས་ལས་དོན་ཐད་ནས།  སྔོན་གླེང་དང་ཞུས་སྒྲིག་ཆེད་བརྗོད་དཀར་ཆག་བཅས་ལ་གསལ་ཡོད་པས་ཞིབ་གསལ་བཤད་ལོངས་མི་འདུག  གཟིགས་མཁན་རྣམས་ཀྱིས་དེར་གཟིགས་རོགས་གནང་།  ཞུས་སྒྲིག་བྱེད་སྟངས་ཐད་ལ་འགྲིག་དང་མ་འགྲིག་ཅི་རིགས་ཟེར་མཁན་ཡོད་ཚོད་རེད།  ཡིན་ནའང་འགྲིག་དང་མ་འགྲིག་བཤད་པའི་ཚད་གཞི་ལོན་མཁན་ཞིག་གིས་བཤད་ན་དོན་དག་ཡོད་རེད་མ་གཏོགས།  ལ་བཤད་ལུང་བཤད་བྱེད་མཁན་རྣམས་ལ་དགེ་མཚན་ཡོད་རེད་དྲན་གྱི་མེད།  ཡིན་ནའང་དཔེ་ཚོགས་འདི་སྒྲིག་སྟངས་ཀྱི་གོ་རིམ་ཚད་གཞི་བཟུང་ས་གཙོ་བོ་མཁན་ཆེན་ཉི་མ་མཆོག་གི་དཀར་ཆག་དེ་ཡིན།  ཞུས་དག་བྱེད་སྟངས་སྐོར་མ་དཔེ་གང་ཡིན་དེ་སོར་བཞག་ཐོག་བྲིས་པ་སོགས་ཀྱི་ཆད་འཁྲུགས་སྐྱོན་ཆ་མངོན་གསལ་ཅན་བྱུང་རིགས་བསྡུར་དཔེའི་དཔྱད་གཞིའི་ཐོག་ནས་ཁ་སྐོང་ཞུས་པ་ལས།  རྩ་དཔེ་ལ་གང་བྱུང་གིས་བཅོས་སྒྱུར་མི་བྱེད་པའི་རྩ་དོན་ངེད་སྒོ་མཛོད་དཔེ་ཞུས་ཚན་ཆུང་གི་སྤྱི་འགན་བཟུང་ནས་ཞུས་དག་བྱེད་ཁུལ་ཡིན།  ཡིན་ནའང་བཀའ་ཞུས་གནས་ཚད་ཡ་མཐའ་སངས་རྒྱས་ས་ལ་ཐུག་ཡོད་སྟབས་མ་རྟོགས་དབང་གིས་སྐྱོན་དང་ནོར་བ་ཡོད་ངེས་ཡིན་རྒྱུ་རེད།  ཕྱོགས་གཞན་ཞིག་ནས་བཤད་ན་བོན་གྱི་དཔེ་རྒྱུན་བྱུང་རིམ་ཐད་ནས་གཞན་དང་མ་འདྲ་བའི་དམིགས་བསལ་ཅན་གྱི་ཐོག་ནས་དཔེ་རྒྱུན་གྲུབ་ཡོད་པར་བརྟེན།  གཞན་པའི་བརྡ་འགྲོས་དང་སྙན་ཉམས་མ་ལྡན་པའང་ཡོད་ལ་ལྡན་པའང་ཡོད་པས་མཐའ་གཅིག་གི་སྒྲིག་གཞི་ཞིག་ལ་གནས་མེད་པའི་ཚུལ་དེ་ཤེས་རྒྱུ་གལ་ཆེན་རེད་དྲན་གི་ཡོད།  དེ་དག་མཁྱེན་པའི་ཐོག་ནས་སྐྱོན་ཆ་ཁ་སྐོང་ཡོ་བསྲང་གནང་ན་དགའ་བསུ་ཞུ་གི་ཡིན།

 དཔེ་ཚོགས་ཀྱི་ནང་དོན་ཐད་རིག་པའི་གནས་ལྔ་ཟེར་ནའང་འདྲ།  དེང་སང་སྐད་ལྟར་ན། འཕྲོད་བསྟེན་སྐོར་དང་། ཁོར་ཡུག་སྲུང་སྐྱོབ་སྐོར།  ཞི་བདེ་འཆམ་མཐུན་སྐོར་སོགས་འདིའི་ནང་མ་འདུས་པ་ཕལ་ཆེར་མེད་ཅེས་ཟེར་ན་ཆོག་གི་རེད་དྲན་གི་ཡོད།  ཡིན་ནའང་།  དམག་དོན་སོགས་འདུས་ཡོད་དམ་ཟེར་ན་གཞན་དག་མི་ཤེས།  དགྲ་ཡི་གཙོ་བོ་བདག་འཛིན་མ་རིག་པར་རྒོལ་བའི་དམག་དོན་ཡོད་ཏན་རེད་དྲན་གི་ཡོད། གང་ལྟར།  ད་ལྟའི་ལེགས་གྲུབ་བྱུང་བའི་དཔེ་ཚོགས་འདིའི་ཕྱི་ཡི་རྣམ་པ་མི་རིགས་རིག་གནས་ཀྱི་གསོན་ཉམས་ལྡན་ལ་ནང་དོན་ངོ་བོ་སྟོང་ཉིད་སྙིང་རྗེ་ཆེན་པོའི་བསྟན་དོན་ཁོ་ན་ལས་མ་འདས་པས།  འཛམ་གླིང་སྤྱི་ནོར་ངོ་མ་རེད་དྲན་ནས་དགའ་གུས་ཞུ་འོས་རེད་དྲན་གི་ཡོད།  མཐའ་དོན་དུ་གསུང་རབ་སྒོ་མཛོད་རིན་པོ་ཆེ་ལེགས་གྲུབ་བྱུང་བའི་མཛད་སྒོ་འདི་ཡི་བདེན་སྟོབས་འོད་སྣང་ཕྱོགས་མེད་དུ་ཤར་ཏེ་མཁའ་མཉམ་སེམས་ཅན་ཡོངས་ཀྱི་ཞི་བདེ་ཆེན་པོའི་རྒྱུ་གྱུར་ཅིང་ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་སྐྱེས་ཆེན་རྣམ་པ་སྤྱི་དང་།  ཁྱད་པར་དུ།  ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མཛད་འཕྲིན་གེགས་མེད་ལྷུན་གྱིས་གྲུབ་པའི་ཤིས་སྨོན་དཀར་པོའི་རྒྱས་གདབ་བྱེད་ནས་མཚམས་འཇོག་ཞུ་གི་ཡིན།  བཀྲ་ཤིས་བདེ་ལེགས།


༧ དེ་ནས་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་མི་སྣ་རྣམས་ལ་གཟེངས་རྟགས་བསྩལ་བ།

   ༨  དེ་ནས་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དཔེ་ཚོགས་དེབ་ཚོམ་དཔར་སྐྲུན་ཞལ་འདེབས་ཕུལ་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་མཚོན་བྱེད་ཕུལ་བ།


    ༩  དེ་ནས་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་གཙོ་སྒྲིག་སྐུ་གཞོན་མཁན་ཡེ་ཤེས་ཚེ་རིང་ནས་གསུང་རབ་སྒོ་མཛོད་རིན་པོ་ཆེ་དེབ་གཟུགས་འགྲེམས་སྤེལ་ཇི་ལྟར་མཛད་ཕྱོགས་སྐོར་གསུངས་པ།      

ནང་དོན་གནད་བསྡུས་བྱས་པ།

    ༧ སྐྱབས་རྗེ་རྩ་བའི་བླ་མ་རིན་པོ་ཆེ་གཙོས་པའི་འདིར་བཞུགས་ཚོགས་མི་ལྷན་རྒྱས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

         སྤྱིར་བཏང་ང་རང་གིས་ངོས་ནས་ཞུས་ན་རྒྱལ་བའི་བཀའ་དང་བཀའ་བརྟེན་ལེགས་སྒྲིག་བྱེད་པའི་གོ་སྐབས་རག་པ་འདི་ནི་དགེ་སྦྱོར་ཞིག་སྒྲུབ་པའི་གོ་སྐབས་ཐོབ་པའི་དག་སྣང་སྦྱོང་བཞིན་ཡོད་ལ།  ཕྱོགས་གཞན་ནས་བཤད་ན།  རང་མིའི་རིགས་ཀྱི་རིག་གནས་ལ་གཅེས་སྐྱོང་བྱས་པའི་འདུ་ཤེས་ཞིག་ཀྱང་ཡིན།  འདི་ལྟ་བུའི་བཀའ་དང་བཀའ་བརྟེན་དཔེ་སྒྲིག་བྱེད་པའི་གོ་སྐབས་རག་པ་ནི།  སྐྱབས་རྗེ་བླ་མ་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་ཡིན་པ་ལས།  ང་རང་གི་ངོས་ནས་འདི་འདྲའི་ལས་ཀ་རླབས་ཆེན་སྒྲུབ་པའི་ནུས་པ་དང་འཇོན་ཐང་གང་ཡང་མེད།  ད་རེས་ང་རང་སྒེར་གྱི་ངོས་ནས་ཤེས་ཡོན་གྱིས་མ་འདང་ནས་དཔེ་ཚོགས་འདིའི་ལས་ཀ་གང་གི་ཐད་ནས་འཐུས་ཤོར་དང་ནོར་འཁྲུལ་བྱུང་བ་ཡང་ཏན་ཏན་ཡོད་སྲིད་པ་རེད།  དེ་ཡིན་དུས་འདིར་བཞུགས་རྣམ་པ་ཚང་མས་མ་འོངས་པའི་ཆར།  སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཆེད་དང་།  རང་མིའི་རིགས་ཀྱི་རིག་གནས་དར་སྤེལ་གྱི་ཆེད།  སོ་སོའི་དགེ་སྒྲུབ་སྡིག་སྤང་ཡང་དག་པར་མཁྱེན་ཕྱིར་གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་རྣམས་སྔས་མགོ་རུ་བཤམས་པ་ཙམ་མ་ཡིན་པ།  ཀློག་པ་དང་སྒྲུབ་པ་དང་དཔྱད་པ་སོགས་བྱས་ནས་དག་ཐེར་གནང་རོགས་ཞུ་རྒྱུ་ཡིན།

        ད་འདི་ནས་གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་ཅེས་པའི་དེབ་གཟུགས་འགྲེམས་སྤེལ་ས་གནས་དང་དཔེ་རིན་ག་ཚད་དགོས་མིན་སྐོར་ཞུ་རྒྱུ་ཡིན་པས་རྣམ་པ་ཚང་མས་བརྒྱུད་བསྒྲགས་བྱ་རོགས།


གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།



དེབ་གཟུགས།   དེབ་ཕྲེང་།  ༡ --- ༡༥༠

ཁྱུང་པོ་སྟེང་ཆེན་དགོན།

གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་བསྒྲིགས།

ཀན་སུའུ་མིའི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

ཤིན་ཧ་དཔེ་ཚོང་ཁང་ནས་བླུ་བཞེངས་བྱས་ན།  སྒོར།  ༦༨༠༠

    ང་ཚོ་དགོན་པའི་བཀའ་བརྟེན་དཔེ་རྙིང་ནང་ཁུལ་ ( སྟེང་ཆེན།  ནག་ཆུ།  ཁྲིན་ཏུ།  ལྷ་ས། ) ནས་དེབ་གཟུགས་བླུ་བཞེངས་བྱས་ན།

སྤུས་ལེགས་ལ།   ༥༩༥༠

དཀྱུས་མ་ལ།   ༥༥༥༠  བཅས་ཡིན།

ཚང་མ་བཀྲ་ཤིས་བདེ་ལེགས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    ༡༠ དེ་ནས་འདུས་པ་རྒྱ་མཚོའི་ཚོགས་ནས་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀྲ་ཤིས་སྨོན་ཚིག་གསོལ་བ།

༢༠༡༥  ལོའི་ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་སྡེའི་ལོ་འཁོར་རྒྱུགས་སྤྲོད་བྱ་དགའི་གཟེངས་རྟགས་བསྩལ་བ།

༢༠༡༥ ལོའི་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་བྱ་དགའི་གཟེངས་རྟགས་བསྩལ་བ།

    སྐྱབས་རྗེ་བླ་མ་མཆོག་ནས་འདུས་པ་རྒྱ་མཚོའི་ཚོགས་བཅས་ཚོགས་མི་ཡོངས་ལ་ཞལ་གདམས་བཀའ་སློབ་ཀྱི་བཀའ་དྲིན་བསྐྱངས་གནང་པ།

ནང་དོན་གནད་བསྡུས།

    འདིར་བཞུགས་བཤད་སྒྲུབ་སྒོམ་གསུམ་དང་ལྷ་སྡེ་མི་དམངས་ཡོངས་ལ་སྐད་ཆ་ཚིག་ལྔ་ཞུ་རྒྱུ་ཡིན་གསུངས།  གཅིག་ནས་སློབ་གསོ་ལ་མཐོང་ཆེན་བཟོ་ཕྱོགས་ཀྱི་ལམ་སྟོན།  གཉིས་ནས་ཤེས་ལྡན་མི་སྣ་དག་ལ་བརྩི་བཀུར་མཐོང་ཆེན་དགོས་ཚུལ།  གསུམ་ནས་གསུང་རབ་དཔེ་ཆ་དག་ལ་དུས་རྒྱུན་དུ་བལྟ་ཀློག་བཟོ་བའི་གོམས་གཤིས་འཇགས་ཐུབ་བྱ་རྒྱུ།   བཞི་ནས་དཔེ་ཆ་བལྟ་ཀློག་བྱས་པར་བརྟེན་ནས་རང་གི་ལྟ་སྤྱོད་བཟང་ཕྱོགས་སུ་བསླབ་པར་མཐར་སྐྱེལ་དགོས་རྒྱུ།  ལྔ་ནས་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་ཕུགས་བསམ་གྱི་ཆེད་དམིགས་ཀྱི་སེམས་སྟོབས་བསྐྱེད་རྒྱུ་བཅས་དོན་ཆེན་ལྔ་ཡི་སྒོ་ནས་བཀའ་སློབ་གནད་སྨིན་རྒྱས་བསྩལ་གནང་པ།

    འདུས་པ་རྒྱ་མཚོའི་ཚོགས་ཀྱིས་བསྟན་རྒྱས་སྨོན་ལམ་གསུངས་ཏེ་མཛད་སྒོའི་མཇུག་བསྡུས་པ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།