༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 16
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
ཁྱུང་སྐད་ལྷང་ལྷང་།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:བསོད་ནམས་བློ་གྲོས།] [གཟིགས་ཐེངས:]

༧  དབུ་ཁྱུད་ཁྱུང་གི་གླེང་བརྡ།


མི་བུ་གདོང་དྲུག་གི་དམུ་ཐག་རྒྱང་དུ་མ་ཡལ།  ས་གཙང་གངས་ཁྲོད་དུ་ལང་ཚོའི་མཚར་སྡུག་རྒྱས་ཞིང་  ཟུངས་ཀྱི་ཁྲག་ཐིགས་ཀྱི་འགོ་ཁུངས་གཙང་བ་སྲིད་པ་འོད་གསལ་རྒད་པོ་ལས་གྱེས་པའི་སྤྱི་བོ་གནམ་བསྟན་གྱི་རིགས་བཟང་གྱེར་མི་ཚོ།  ངེད་ཅག་གི་ཨ་མྱེས་ཡང་མྱེས་ཚོས་ནི།  གདོད་མ་ཞིག་ཏུ་གཤེན་སྐད་ཐང་གསུམ་བསྒྲགས་ནས་རི་བོ་ཕྱག་གིས་བཏེགས།  རྒྱ་མཚོ་བལ་འདབ་ཏུ་སྤུར།  རྩི་ཤིང་རང་བསྡུས་བྱས་ཏེ།  གནམ་གྱིས་ས་བཀབ་པའི་ཚོད་ཀྱིས་འགྱིངས་ཡོད་ན་ཐོང་མོད།  

ད་དུང་རང་ཡིག་གི་བརྡ་དག་སྙན་གསུམ།  འཆད་རྩོད་རྩོམ་གསུམ།  ལྟ་སྒོམ་སྤྱོད་གསུམ།  གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འབུར་དུ་ཐོན་པབདེན་མཐོང་ལག་ཟིན་དུ་ཁྲ་ཆེམ་མེར་ཡོད་པ་འདི་ཚོ།  རང་རྒྱུད་ཀོ་རྒོག་ཐུལ་བའི་ཉམས་ལེན།  གཞན་རྒྱུད་འཆིང་རྒྱ་འགྲོལ་བའི་འཆད་པ།  ལོག་རྟོག་བྲག་ཆེན་འཇོམ་པའི་རྩོད་པ།  རང་བསྟན་གསེར་མདོག་འདོན་པའི་རྩོམ་པ་སོགས་ཅི་དགར་བསྒྱུར་བའི་རང་དབང་གི་གོ་སྐབས་ཞིག་ཁེལ་བ་འདིར།  ང་ཚོ་སྟེ།  དྲུང་མུའི་གྱེར་ཕྲུག་རྣམ་པས་ལྔ་རིག་འདབ་བརྒྱ་རྒྱས་པའི་གླིང་ཁ་བགོམ་ནས  རང་གི་ནུས་ཚོད་ཀྱི་གོམ་སྟབས་ཤུགས་ཆེར་བསྒྲད་ཅིང་  གནའ་དེང་རིག་པའི་ཐང་ཆེན་དུ་རྐང་པ་སྲ་བརྟན་ཕུག་ཕེར་ཞིག་འཛུགས་དགོས་པ་དེ།  བཙན་དབང་གི་ཁྲལ་དང་།  ལས་དབང་གི་རྣམ་སྨིན་ཞིག་མ་ཡིན་པ།  གྱེར་མི་གནམ་སྟོན་གྱི་སྐྱེ་རྒྱུད་མ་ཐག་ནས་ཕྲག་ཏུ་བབ་པའི་ཁུར་འགན་ཞིག་ཡིན་པ་བཤད་མ་དགོས་པར་གྱིས་སོ།  

སྤྱིར་སྙན་ངག་ཅེས་པ་དེ་མཐུན་ཕྱོགས་ལ་བཤད་གཡམ་དང་སྒྲོ་བཏགས་ཀྱིས་ངོ་བསྟོད།  མི་མཐུན་ཕྱོགས་ལ་གསོན་མིག་བཙན་འགེབས་ཀྱིས་འཁང་ར་བྱས་པའི་སྡེབ་སྦྱོར་ཞིག་ལ་མིང་མི་འདོགས་པ་དེ་ནི་མིག་མཐོང་ལག་ཟིན་གྱི་དན་རྟགས་ཤིག་ཆེའོ།  །

སྙན་ངག་ཅེས་པ་དེ་གང་འདྲ་ཞིག་དགོས་པའི་དབང་ན།  རབ་རྒྱལ་བའི་བཀའ་ལུང་དཔྱད་གསུམ་ཚད་མས།  མན་ངག་གནད་ཀྱི་མདུད་པའི་དྲྭ་རྒྱ་ལྷུ་ཡངས་པོར་བཀྲོལ་བའི་གདམས་ཚིག་དང་།  འབྲིང་རྒྱལ་རབས་རིམ་པའི་རྒྱལ་སྲིད་སྐྱོང་བའི་ཡུན་རིང་བདེ་སྡུག་གི་འཕེལ་གྲིབ་ལུགས་མཐུན་དང་འབྲེལ་བ།  ཐ་ན་རང་གཞན་སུ་ཡིས་ཀུན་སྤྱོད་འཚོ་བའི་བར་གསེང་དུ་ཚོར་བ་བདེ་སྡུག་གི་མྱོང་སྣང་ཤར་མར་གླེང་སའི་ཐུན་མིན་གྱི་གར་སྟེགས་ཆེན་པོ་རུ་གྱུར་པའི་སྡེབ་སྦྱོར་ཚིག་གི་གྲུབ་ཆ་གསོན་པོ་ཞིག་ཡིན་དགོས་ཏེ།  བདེན་པས་ནག་ཉེས་རྫུན་ཕུང་གི་རི་བོ་གཏོར།  རྒྱལ་ཁས་མུན་སྨག་ལོག་རྟོག་གི་བྲག་རི་བསྙིལ།  དཔང་པོས་ཁུངས་བཤད་ལུགས་མཐུན་གྱི་དྲང་ལམ་གཤོག་པའི་དབྱངས་གསལ་ཚིག་གི་ལྕགས་སོག་དམར་པོ་ཞིག་ཆགས་ཡོད།

འདིར་གཞན་ཞིག་བཤད་ན།  སྒྱུ་ལུས་ཀྱི་གཟུགས་ཕུང་ཕྲག་དོག་གདོན་གྱིས་བཟི་ཁ་མཐོ་བའི་ཁ་ཅིག་ན་རེས།  དེབ་ཆུང་འདིའི་ཆེད།  རྒྱབ་སྐྱོར་དང་མཐུན་རྐྱེན་ཕར་ཀའི་རྒྱང་།  གཞན་གྱི་བྱ་བ་ལ་ཡི་ག་མེད་པའི་སྐྱོན་འདོགས་དང་།  རང་གི་བྱ་བཞག་ལ་མཐོང་ཆེན་ཙིགས་སུ་དགའ་བའི་མི་བུ་འགའ་སྲིད་ངེས་པ་རེད།  ཁྱོད་ཚོས་བདག་རང་ཉིད་ལ།  མིག་ལམ་དུ་མ་འཇོན།  གོམ་ལམ་དུ་མ་དྲང་པའི་སྒྲོ་བཏགས་ཀྱི་རི་བོ་ག་ཚད་སྤུངས་ཀྱང་།  ངས་གལ་ཆེན་དུ་མི་འཛིན་ཏེ་ལ་ལུང་དགུ་རྒྱབ་ཏུ་གཡུགས་རྒྱུ་བདག་རང་གི་དམ་བཅའ་ཞིག་ཡིན་ནོ།  །དཔེར་ན།  འགའ་ཡིས་ཡོད་ཅེས་གླེང་བཞིན་ཡི་རང་ཞུས།  འགའ་ཡིས་མེད་ཅེས་འདོགས་བཞིན་སྣ་གཉེར་གྱིས།  ཡོད་མེད་བདེན་སོ་གཅིག་ཏུ་མི་མཐུན་པས།  ང་ཡིས་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།  བདག་རང་ལ་རིག་གནས་ཀྱི་ཆུ་ཚད་ཞན་པས་རང་ནུས་ཀྱི་གོམ་ཁས་མ་ཐེག་པའི་མ་རྟོག་གནད་ཀྱི་མདུད་པ་ཀྲོལ་དུ་ཕེབས་མཁན།  རིག་གནས་ཀྱི་སྤྱན་དང་ལྡན་པའི་མང་ཐོས་དབུ་དཀར་ཅན་ཚོས།  བདག་གི་ཚོར་འདུའི་རོལ་རྩེད་དག་དཔྱད་གསུམ་ཚད་མའི་སྲང་ཁ་ནས་ཡང་ལྕི་བཤེར་བ་ན  བདག་གིས་བློར་མི་མཐུན་པའི་རྣའགྱུར་སྦལ་སྤུ་ལས་དཀོན་ཐག་པའི་ངང་།  ཡི་རངས་མེ་ཏོག་དཀར་པོའི་ཕྲེང་བ་ཞིག་དབུ་རྒྱན་དུ་བཏེགས་རྒྱུ་ཡིན་ནོ། །

 

ངས་ཁྱུང་སྐད་ལྷང་ལྷང་དབྱངས་པའི་དེབ་ཆུང་ཅིག་བསྐྲུན་པ་འདི།  རང་མཐོ་འདོད་གྲགས་བཀུར་དང་།  གཞན་དབང་བསྒྱུར་བཙན་བསྡུ་ཡི་ཀུན་སློང་སེམས་གཏིང་དུ་སྐྱེ་མ་མྱོང་  འོན་ཀྱང་བདག་རང་ཉིད་ལ་མཚོན་ན་བཅུ་རིག་གི་རྐང་པ་བརྟན་པོ་དང་།  ལྔ་རིག་གི་སྒྲོ་གཤོག་མཛེས་པོ།  ལུང་རིག་གི་དོག་གནད་ཁྲོལ་པོ་ཞིག་ཡོད་པ་མིན་ཡང་།  རང་གི་སྒོ་གསུམ་གྱི་དུན་ཤུགས་དེ་ཡབ་མེས་གཤེན་རབ་རྒད་པོའི་བསྟན་པ་ལ་དུང་བ་ཟབ་པ་དང་།  ཨ་མེས་གདོང་དམར་ཚང་གི་མིང་སྲིང་ལ་བརྩེ་བ་འཐུག་པ་དང་།  གསོན་ཕུང་གི་མི་ཚེའི་འདབ་མ་སློབ་ཚོགས་ཀྱི་གླིང་དུ་གོམ་ཁ་བགྲོད་ལ་ཡུན་རིང་བའི་མཐུ་ལ་བརྟེན་ནས།  ཤ་གསེང་གི་ཁྲག་རྒྱུན་དྲོད་མོ་གཞན་དུ་མ་འཆུག་པའི་མིང་སྲིང་ཚོའི་སྤྱན་སྔར།  རང་གི་གསོན་ལུས་འདི་དམར་ཤམ་ཤམ་གྱི་ར་བ་ནང་ཚུད་ནས་བཟུང་།  ལས་དབང་གི་ལམ་བུ་འཚོལ་བཞིན་བགྲང་བྱ་དུ་མ་སློབ་གླིང་དུ་བསྐྱོད་པའི་ལག་རྗེས་ཀྱི་དཔང་རྟགས་ཟུར་ཙམ་དུ་དམིགས་ཏེ  ཤེས་རིག་གི་ཟུངས་ཁྲག་རྒྱས་ཤིང་།  གནའ་དེང་གི་རིག་པ་འཛིན་པའི་ཕ་གཞོན་སྤུན་མཆེད་རྣམས་ལ་ཡར་དཔེ་ཞྭ་ལྟོས་དང་།  སྐད་ཡིག་གི་གཞི་རྐང་ཕྱུག་པའི་ཕ་རྒྱུད་བུ་འཛིན་གྱི་སྲོལ་བཟང་འདི་ལ་ཆུ་ལུད་དྲོད་རྐྱེན་གྱི་ཐབས་ཕྲ་མོ་ཞིག་ཡོང་བའི་རེ་བ་ནི།  ངས་<< ཁྱུང་སྐད་ལྷང་ལྷང >> ཅེས་པའི་དེབ་ཆུང་ཅིག་བསྐྲུན་པའི་ཡ་ཆུང་སེམས་ཀྱི་དམ་བཅའ་དང་པོ་དེ་ཡིན་ནོ།། 

 

ཞེས་གླེང་བརྗོད་ཚུལ་དུ་བྲག་དམར་མེ་རི་མཆེད་རྫོང་གི་མདུན་ཞོལ།  སྤོས་ངད་དྲི་བཟང་དྲོ་བའི་རང་ཤག་གློ་འབུར་ཁང་དུ་ ༢༠༡༤--༢༡ མཁར་བུ་དམར་པོའམ་མཁར་སྤ་བསོད་ནམས་བློ་གྲོས་འབོད་པས་བྲིས།། །།

 འབྲེལ་བ་གནང་ཡུལ།  ༡༨༢༨༩༠༥༧༢༢༢




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།