༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
སྐྱབས་རྗེ་མཆོག་གིས་ཀུན་འབུམ་གོ་འབྱེད་ཀྱི་དབང་བཞི་བསྩལ་བའི་གནས་ཚུལ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:གཤེན་བཙུན་རིག་པའི་རལ་གྲི།] [གཟིགས་ཐེངས:]


 

༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གདན་འདྲེན་ཞུ་བཞིན་པ།

 

 

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན། སྙིགས་དུས་ཀྱི་སྟོན་པ་ཆེན་པོ། མཉམ་མེད་རྒྱལ་བའི་རྒྱལ་ཚབ། གསང་གསུམ་བོན་གྱི་བདག་ཉིད་ཆེན་མོ་༧ ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ། བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་པའི་ཟླ་བ་ཁྱད་པར་ཅན་མདོ་ལུགས་ཀྱི་དཔྱིད་ཟླ་ར་བའམ་རྒྱལ་ཟླའི་ཚེས་དྲུག་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་གཙོས་སློབ་འབངས་བརྒྱ་ཕྲག་ལྔ་ཙམ་ལ་ཀུན་འབུམ་གོ་འབྱེད་ཀྱི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་སོང་། དེ་ཡང་ཀུན་འབུམ་གོ་འབྱེད་ཀྱི་ལོ་རྒྱུས་ཅུང་ཟད་བཤད་ན། གཞུང་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་བཀའ་ཚད་མ་ཡིན་ཞིང་། གཞུང་འདིའི་ཡི་དམ་གཙོ་བོ་ནི་བཟོ་རིག་པའི་ལྷ་ཡེ་སྲིད་སངས་པོ་འབུམ་ཁྲི་དང་། སྒྲ་རིག་པའི་ལྷ་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། ནང་རིག་པའི་ལྷ་ཡེ་དབལ་མཐུ་སྟོབས་རྒྱལ་པོ། གསོ་བ་རིག་པའི་ལྷ་ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཕྱི་རིག་པའི་ལྷ་ཡེ་དབང་སའི་རྒྱལ་པོ་དང་ལྔ་ཡིན། ཡང་ན་དབུས་ཀུན་འབུམ་གོ་འབྱེད་ས་ཡི་ལྷ་དང་། ཤར་ཀུན་འདུལ་ལྕགས་ཀྱི་ལྷ། བྱང་ཀུན་སྒྲོལ་རླུང་གི་ལྷ། ནུབ་ཀུན་རིག་མེ་ཡི་ལྷ། ལྷོ་ཀུན་འཇོམས་ཆུ་ཡི་ལྷ་དང་ལྔ་ཡོད། གཞུང་ནི་ཀུན་འབུམ་ཁྲ་བོའི་གཞུང་དང་། ཀུན་འབུམ་གོ་འབྱེད་རྒྱ་ཆེ་མཆོད་པའི་གཞུང་། ཀུན་འདུལ་ལྕགས་ལྷའི་གཞུང་། ཀུན་སྒྲོལ་རླུང་ལྷའི་གཞུང་། ཀུན་འཇོམས་རྒྱལ་པོ་ཆུའི་ལྷའི་གཟུངས་བཅས་ནི་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ལས་བཞེས་ཏེ་ཨ་ད་ལྷ་སྲས་དང་གཞོན་ནུ་འབུམ་སོགས་ནས་རིམ་པར་བརྒྱུད་པ་ཡིན། འདས་པའི་ལོ་རྒྱུས་ཁྲོད་སྤ་སྟོན་བསྟན་པ་འབྲུག་གྲགས་ཀྱིས་ཀུན་འབུམ་གྱི་རྒྱུད་གཞུང་རྣམས་ལས་<<སྲིད་པའི་རྒྱལ་པོ་རིགས་ལྔའི་ཐུགས་སྒྲུབ་རིག་གནས་པད་ཚལ་བཞད་པའི་ཉི་མ་>>ཅེས་པ་དང་། <<སྲིད་པའི་རྒྱལ་པོ་རིགས་ལྔའི་ཐུགས་སྒྲུབ་ཀྱི་ཆ་ལག་རིག་པའི་སྒྲོན་མེ་>>བྱ་བ་བརྩམས་མྱོང་བ་དང་། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་གཞུང་འདི་ལས་འབྱུང་ལྔའི་ལྷ་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གནོད་སྲུང་རྣམ་བཅུ་དབང་ལྡན་གྱི་ཚུལ་དུ་བཀོད་ཡོད་པ་དེ་ཙམ་མ་གཏོགས། གཞུང་འདིའི་ཁྲིད་ལུང་གི་རྒྱུད་མ་ཆད་ཙམ་ལས་འཕྲིན་ལས་དར་འཕེལ་ཆེན་པོ་བྱུང་བའི་བཟོ་མི་མངོན། སྐྱབས་རྗེ་མཆོག་གིས་གཞུང་འདིའི་ཁྲིད་ལུང་དབང་གི་བརྒྱུད་ཁ་གསན་བཞེས་གནང་བ་དང་། ཡུན་རིང་ལ་ཐུགས་དམ་ཉམས་བཞེས་མཛད་པ་མ་ཟད།རྒྱུད་གཞུང་འདི་རྣམས་ལས་<<གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོགས་བརྗོད་ཉུང་གསལ་>>ཞེས་པ་དང་། <<འབྱུང་ལྔ་རིག་པའི་དབང་ཕྱུག་ཀུན་མཁྱེན་སྐུ་ལྔ་སྒྲུབ་པའི་གཞུང་གི་ཕྱག་བཞེས་སྣང་བའི་རྒྱན་>>ཞེས་པ་དང་། <<ཀུན་འབུམ་བརྒྱུད་པའི་གསོལ་འདེབས་ཡེ་ཤེས་འབྱུང་གནས།>> <<ཀུན་འབུམ་ས་ལྷ་ཕྱི་རིག་པའི་མངའ་བདག་གི་མཆོད་གཞུང་ལུང་དོན་རབ་གསལ།>> <<རིན་པོ་ཆེ་ཀུན་འབུམ་ཁྲ་བོ་ལས་བྱུང་བའི་གཟུངས་བསྡུས།>> <<ཕྱི་རིག་པའི་མངའ་བདག་ཀུན་འབུམ་ས་ལྷའི་དབང་ཆོག>> <<གཙུག་ལག་ཀུན་འབུམ་གྱི་བསྐང་བ་ལྷའི་སྐྱེད་ཚལ།>> <<ཀུན་སྒྲོལ་རླུང་ལྷའི་ལས་ཆོག>> <<ཀུན་སྒྲོལ་དབྱིངས་ཕྱུག་རླུང་ལྷའི་གཟུངས།>> <<ཀུན་འདུལ་ལྕགས་ལྷའི་མཆོད་གཞུང་།>> <<ཀུན་འདུལ་ལྕགས་ལྷའི་གཟུངས།>> <<ཀུན་འདུལ་ལྕགས་ལྷའི་གསས་མཁར་གཡུང་དྲུང་བརྩེགས་པའི་གཏོ་ཡི་ལས་ཆོག>> <<ཀུན་འཇོམས་རྒྱལ་པོ་ཆུ་ལྷའི་གཞུང་།>> <<ཀུན་འཇོམས་རྒྱལ་པོ་ཆུ་ལྷའི་གཟུངས་>>སོགས་ཀྱི་ལས་གཞུང་རྣམས་གོང་གི་རྒྱུད་གཞུང་རྣམས་ལས་བཏུས་ཏེ་བསྒྲིགས་གནང་བ་དང་། དགོན་འདིའི་སློབ་གཉེར་བ་འགའ་ཡིས་དཔེ་གཟུགས་སུ་སྤུས་བྲིས་བྱས་ཏེ་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཤེས་རབ་རིན་ཆེན་གྱིས་ཚར་གྲངས་སྟོང་པྲག་ཙམ་དཔར་བསྐྲུན་འགྲེམ་སྤེལ་མཛད་པ་རེད། ཀུན་འབུམ་གོ་འབྱེད་ཀྱི་གཞུང་འདི་དག་ནི་རིག་གནས་ལྔའི་ཁུངས་དང་། བོད་ཀྱི་གནའ་བོའི་འབྱུང་རྩིས་ཀྱི་འབྱུང་ཁུངས་རྙིང་ཤོས་ཤིག་ཡིན་པ་མ་ཟད། ལོ་སྐོར་བཅུ་གཉིས་བྱུང་ཚུལ་དང་། དར་གུད་བཅུ་གཉིས་དང་། སྨེ་བ་དགུའི་ཚུལ་སོགས་ཞིབ་ཅིང་ཕྲ་བ་བཞུགས་འདུག་པས་རྩིས་རིག་དོན་གཉེར་ཅན་རྣམས་ཀྱི་སེམས་པའི་དགའ་སྟོན་ཞིག་ཏུ་བརྩི་ཆོག་སྟེ། དེང་སྐབས་རྩིས་པ་རློམས་པ་མང་པོ་ཞིག་གིས་ལོ་སྐོར་བཅུ་གཉིས་བརྩི་ཤེས་ཀྱང་རྒྱུ་མཚན་བཤད་མི་ཤེས་པ་དང་། དེ་བཞིན་སྨེ་བ་དང་དར་གུད་སོགས་བརྩི་ཤེས་པ་ཙམ་ལས་བྱུང་ཁུངས་ལོ་རྒྱུས་བཤད་ཤེས་ཀྱི་མེད་པ་རེད། རང་ཅག་གི་ཕྱི་ཡི་གནས་དང་། ནང་གི་ལུས་ཕུང་གཉིས་ཀ་འབྱུང་བ་ལྔ་ལ་བརྟེན་ནས་གྲུབ་ཡོད་སྟབས་འབྱུང་བའི་དར་གུད་ཀྱི་དབང་གིས་སྣོད་ལ་འཕེལ་འགྲིབ་དང་། རི་ཉིལ་ས་འགུལ་ཆུ་ལོག་སོགས་འབྱུང་བ་དང་། ནང་གི་ཤ་ཁྲག་དྲོད་དབུགས་འཕེལ་འགྲིབ་ཀྱི་དབང་གིས་རླུང་མཁྲིས་བད་ཀན་སོགས་ཀྱི་ན་ཚ་ལྡང་བ་དང་། དེ་བཞིན་སེམས་ལ་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་འབྱུང་བཞིན་པ་རྣམས་ཟློག་བྱེད་ཀྱི་ཆེད་དུ་གསུངས་པ་ཡིན་པས།ཀུན་འབུམ་གཞུང་རྣམས་ལ་ཉམས་ལེན་གནང་ན་ལུས་ཀྱི་འབྱུང་ལྔའི་ནུས་པ་འཕེལ་བ་དང་། དེ་ལ་བརྟེན་ནས་རྩ་རླུང་ལ་དབང་ཐོབ་པ།སེམས་ཀྱི་རྟོགས་པའི་ལང་ཚོ་སྨིན་པ། ཡེ་ཤེས་བདེ་རླུང་ལ་རང་དབང་འབྱོར་ནས་མཐར་ཐུག་བདེ་བ་ཆེན་པོ་འབྱུང་བ་སོགས་ཀྱི་ཡོན་ཏན་རྣམས་གཞུང་དེ་རྣམས་ལས་གསལ་བས་འདིར་འབྲི་བའི་ངལ་བ་མ་བྱས། དབང་ནི་སློབ་མའི་སེམས་རྒྱུད་སྨིན་བྱེད། ཟབ་མོའི་ལམ་སྒོ་འབྱེད་བྱེད་ཡིན་སྟབས་ཁྲི་མཐོན་པོའི་སྟེང་ནས་ཆོ་ག་བཀླགས་པ་ཙམ་དང་། ཙཀ་ལི་དང་། གཏོར་བུམ་སོགས་མིག་ལ་སྟོན་ཙམ་དང་མགོ་ལ་བཞག་ཙམ་བྱས་པས་སེམས་རྒྱུད་སྨིན་མི་ནུས་པས། སྐྱབས་རྗེ་མཆོག་གིས་སྔོན་གྱི་རིག་འཛིན་གོང་མའི་ཕྱག་སྲོལ་བཞིན་དབང་གི་ལས་ཁ་རེ་རེའི་སྐབས་སུ་འགྲེལ་བཤད་ཞིབ་ཅིང་ཕྲ་བ་གནང་སྟེ་གོ་བརྡ་འཔྲོད་ངེས་སུ་མཛད་པ་དང་། མཐར་གདམས་པ་འདི་ཡི་ནང་ལ་གསལ་བའི་རིག་གནས་ལྔའི་སྐོར་དང་། སངས་རྒྱས་ཀྱི་བསྟན་པ་ནི་ཐོས་བསམ་འཆད་ཉན་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དགོས་པ་ཡིན་པས། གཞུང་ཟབ་མོ་འདི་ལྟ་བུར་སློབ་སྦྱོང་བྱེད་ནས་རང་ལུགས་ཚུགས་ཐུབ་བསྐྱང་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་ཏེ་ད་ལན་གྱི་བཀའ་དབང་ཟབ་མོའི་རྗེས་གནང་དང་བཅས་པ་གྲུབ་བོ།།།།

  

 

དད་ལྡན་མང་ཚོགས་རྣམས་དབང་ཞུ་བཞིན་པ། 

  

གནས་ཚུལ་སྡུད་མཁན་གཤེན་བཙུན་རིག་པའི་རལ་གྲི། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།