༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 16
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 1 བོད་ཀྱི་མི་སྣ་གྲགས་ཅན།
རྩོམ་ཡིག་གསར་ཤོས།
འོས་སྦྱོར་རྩོམ་ཡིག
1 བོད་ཀྱི་མི་སྣ་གྲགས་ཅན།
བདུད་འདུལ་སྤྲུལ་པའི་སྐུ་མཆོག་མཁས་གྲུབ་ཚུལ་ཁྲིམས་དབང་གྲགས་ཀྱི་རྣམ་ཐར་ཉུང་བསྡུས་བཞུགས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-03] [རྩོམ་པ་པོ།:འཆི་མེད་གཡུང་དྲུང་།] [གཟིགས་ཐེངས:]

བདུད་འདུལ་སྤྲུལ་པའི་སྐུ་མཆོག་མཁས་གྲུབ་ཚུལ་ཁྲིམས་

དབང་གྲགས་ཀྱི་རྣམ་ཐར་ཉུང་བསྡུས་དད་སྤྲོའི་

ཟིན་ཏིག་བཞུགས་སོ།།

QQ图片20170503173812.jpg

 རྐང་གཉིས་མི་ཡི་གཆོག་གྱུར་རྒྱུད་གསུམ་མངའ་བདག་བླ་མ་རྗེ།།

སྒྲིབ་གཉིས་བག་ཆགས་ཡོངས་ཟད་སྐུ་གསུམ་མངོན་གྱུར་རྫོགས་སངས་རྒྱས།།

བདེན་གཉིས་དོ་མཉམ་བསླབ་པ་གསུམ་སྟོན་ལུང་རྟོགས་གཡུང་དྲུང་བོན།།

ལག་གཉིས་ཐལ་མོ་སྦྱར་ཏེ་མཆོག་གསུམ་དམ་པར་གུས་པས་འདུད།།

 

 ཕྱི་ལྟར་ཚུལ་ཁྲིམས་བསླབ་པའི་སྡོམ་གསུམ་བཙུན།། ནང་ལྟར་ཤེས་རབ་བསླབ་པའི་བཅུ་ཕྲག་རྫོགས།།

གསང་བ་ཏིང་འཛིན་བསླབ་པའི་ཉམས་རྟོགས་ལྡན།། བསླབ་གསུམ་རྒྱུད་འཆང་གཡུང་དྲུང་སེམས་དཔའ་རྨད།།

 

 སྔོན་བསགས་བསོད་ནམས་རྒྱས་པའི་ཆུ་གཏེར་ལས།། ཉེར་བྱོན་ལུང་རྟོགས་ཡོན་ཏན་འོད་དཀར་ཅན།།

མཁས་མང་རྒྱུ་སྐར་དབུས་ན་མངོན་འཕགས་པ།། མཆོག་སྤྲུལ་ཚུལ་དབང་ཟླ་བའི་དབང་པོ་རྒྱལ།།


 ཁྱུང་ཡུལ་རྒྱལ་བསྟན་ནུབ་རིར་བརྒལ་ཉེ་ཚེ།། འདྲེན་པ་མཆོག་གི་བློ་གྲོས་ཤིང་རྟ་ཡིས།།

ཉེར་དྲངས་བསྟན་པའི་གསལ་བྱེད་བཀའ་དྲིན་ཅན།། མཚུངས་བྲལ་ཤེས་རབ་དགེ་ལེགས་སྤྱི་བོར་བསྙེན།།

 

 རྒྱལ་བ་མངོན་བྱོན་ཀུན་མཁྱེན་འཇའ་ལུས་པའི།། རྒྱལ་ཚབ་དམ་པ་བློ་གྲོས་རྒྱ་མཚོ་མཆོག།

རྒྱལ་བསྟན་དོན་དུ་སླར་ཡང་སྐུར་བཞེངས་པ།། རྒྱལ་བའི་སྲས་པོ་རྒྱ་མཚོའི་མཚན་ཅན་བསྟོད།།

 

 མེ་རླུང་ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས།། མངོན་པའི་སྐུར་བཞེངས་སྲིད་གསུམ་དབང་བསྒྱུར་མ།།

ཕྱི་ནང་མ་མོ་ཀུན་གཙོ་བདེ་འགྲོ་ཡུམ།། དུས་ཀུན་མ་གཡེལ་བསྟན་ལ་བྱ་ར་མཛོད།  

 

 ལེགས་བཤད་ཁུ་བྱུག་དབྱངས་སྙན་སྒྲོགས་མིན་ཏེ།། བདེན་གཏམ་འཇོལ་མོའི་སྙན་འགྱུར་སྟོན་ལ་བྲེལ།།

དམ་པའི་མཛད་པ་སོ་སྐྱེའི་ཡུལ་འདས་ཀྱང་།། སུམ་ལྡན་དད་པས་འབྲི་ལ་གནང་བའང་སྩོལ།  

 

     ཅེས་མཆོད་པར་རྗོད་པའི་མདུན་བསུས་ཏེ།      བདུད་འདུལ་སྤྲུལ་པའི་སྐུ་མཆོག་མཁས་མཆོག་ཚུལ་ཁྲིམས་དབང་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས་ཞིག་འབྲི་བ་ལ་གསུམ་སྟེ།   སྐུ་སྐྱེ་བ་བཞེས་པའི་སྐོར་དང་།   གདུལ་བྱ་གཞན་དོན་མཛད་ཚུལ།   སྐུ་ཞིང་ཁམས་གཞན་དུ་གཤེགས་པའི་སྐོར་བཅས་ལས།  

     དང་པོ་སྐུ་སྐྱེ་བ་བཞེས་ཚུལ་ལ།   ཡུལ་གང་དུ་གཟིགས་པ་དང་།   གདུང་རྒྱུད་གང་ལ་གཟིགས་པ།   དུས་ནམ་གྱི་ཚེ་བཅས་སོ།།

     དེ་ཡང་བོད་ཁ་བ་ཅན་གྱི་ཞིང་ཁམས།   སྟོད་མངའ་རིས་སྐོར་གསུམ།   བར་དབུས་གཙང་རུ་བཞི།   སྨད་མདོ་གམ་སྒང་དྲུག་ཡོད་པའི་ནང་ཚན།   མདོ་གམ་རྔུལ་རྫ་ཟལ་མོའི་སྒང་སྟོད།   སྔར་དུས་རབས་དྲུག་པའི་སྔོན་དུ་ཞང་ཞུང་རྒྱལ་རབས་རིམ་བྱོན་གྱིས་མངའ་དབང་བསྒྱུར་བའི་ཡུལ་ཏེ།   ཞང་ཞུང་སྒོ་ཕུགས་བར་གསུམ་ལས་སྒོ་སུམ་པ་གླང་གི་གྱིམ་ཤོད་ཡུལ་ཞེས།   དུས་རབས་བཅུ་གཅིག་པའི་སྐབས་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་གྱིས་ཁྱུང་ཡུལ་མངའ་དབང་བསྒྱུར་ནས།   མི་མིང་ས་ལ་ཐོགས་པ་དང་།   ས་མིང་མི་ལ་ཐོགས་པའི་དཔེ་ལྟར།   ཁྱུང་པོ་སྟེང་ཆེན་ཞེས་པ་ཡུལ་གྲུའི་རྣམ་པ་མཛེས་པ།   ཤར་ཕྱོགས་སུ་སྤེན་ནེ་རི་བཀྲ་དང་།   རྒྱ་ཞིང་སྙེ་མས་བལྟམས་པའི་རི་ཀླུང་སྣུམ་གཞོང་ལྟ་བུ་དང་།   བྱང་དུ་སྤུ་ཐོག་མཚོ་མོ་ཆེ་ཆུང་སོགས་མཚོ་དང་མཚེའུ་སྤང་ལྗང་མེ་ཏོག་སོགས་ཀྱི་རྣམ་པས་མཛེས་པ་དང་།   ནུབ་ཏུ་སྲིད་པའི་གངས་རི་དཀར་པོ་སྤུ་རྒྱལ་གངས་དཀར་སོགས་རི་དང་རི་ཕྲན་ཀུན་གྱིས་བརྒྱན་པ།   ལྷོ་ཕྱོགས་སུ་ཤིང་སྣ་དང་སྨན་སྣ་འཛོམས་ཤིང་ནགས་ཚལ་རི་ཀླུང་བསྒྲིབས་པ་ལྟ་བུས་ཡོངས་སུ་གང་བའི་ཡུལ་ཏེ།   ཁྱད་པར་དུ།   ཤར་དུ་ཁྱུང་པོ་རི་བོ་རྩེ་དྲུག་ཅེས་གནས་མཆོག་ཁྱད་པར་ཅན་དང་།   བྱང་དུ་གངས་རྒྱལ་གཡུང་དྲུང་དཔལ་རི་ཞེས་འཆི་མེད་རིག་འཛིན་རྣམ་གསུམ་གྱི་བྱིན་གྱིས་བརླབས་པའི་གནས།   ནུབ་ཏུ་ལྡོང་རྫོང་སྨུག་པོ་མཆེད་བརྒྱད་ཅེས་རིག་འཛིན་གྲུབ་ཆེན་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས།   ལྷོ་རུ་གནས་མཆོག་དབལ་མོ་འབྲོང་རུ་ཞེས་ཡེ་ཤེས་དང་རྫུ་འཕྲུལ་གྱི་དབལ་མོ་རྣམས་སྤྲིན་ལྟར་འཁོར་བའི་གནས་ཡོད་ཅིང་།   ཕྱོགས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་དབུས་འདུ་གནས་བྲག་དམར་རི་འདུས་ཀྱི་མདུན་ཞོལ།   གནས་མཆོག་བུམ་བཀྲ་མ་དང་གསས་ཁང་བཀྲ་ཤིས་འོད་འབར་སོགས་བཞུགས་པའི་གནས།   ཁྱུང་ཡུལ་ས་ཡི་ཐིག་ལེ་གདན་ས་དཔལ་གྱི་སྟེང་ཆེན་ཞེས་པ།   ཁྱུང་དབུས་ཤེས་རབ་རྒྱལ་མཚན།   ཡག་སྙ་བསོད་ནམས་རྒྱལ་མཚན།   ཀོ་བོ་ཡེ་ཤེས་རྒྱལ་མཚན།   ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས།   མཆོག་སྤྲུལ་བློ་ལྡན་སྙིང་པོ།   སྐྱེས་མཆོག་ལྷ་དབང་གཙུག་ཕུད།   ཟླ་གྲགས་རིན་ཆེན་རྒྱལ་མཚན།   ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས།   དོ་ཁང་གཡུང་དྲུང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དུ་མའི་ཞབས་བཅགས་པའི་ཡུལ་ཁྱད་པར་ཅན་དེའོ།  

        རུས་གང་ལ་གཟིགས་པ་ནི།   སྤྱིར་ཁྱུང་ཡུལ་གྱི་ཞིང་འདིར་གདུང་རྒྱུད་ཆེན་པོ་དྲུག་གི་ནང་ཚན།   དམ་པ་ཁྱུང་དང་།   དབང་ལྡན་ཞུ་ཡི་གདུང་།   ཞིག་པོ་བཅོ་བརྒྱད་ལས་འགྲུ་ཞིག་དང་།   ཤེལ་ཞིག།   གཡུ་ཞིག་སྟེ་ཞིག་པོ་གསུམ་དང་།   འཕགས་པ་གསུམ་གྱི་ནང་ཚན་རྒྱལ་བ་དོ་འཕགས་ཆེན་པོ་དང་རྐྱང་འཕགས་སོགས་ཀྱིས་འགྲོ་དོན་སྐྱོང་བཞིན་བཞུགས་ཡོད་ནའང་རྒྱལ་བ་དོ་འཕགས་ཆེན་པོའི་གདུང་ལ་གཟིགས་ཏེ།   དེའང་ལུང་ལས།   བྱ་བཏང་ཆགས་མེད་སྤྱོད་ཚུལ་ཅན།   །ཤ་རི་དབུ་ཆེན་སྤྲུལ་པ་ལས།   །དོ་ཁང་རི་པ་བྱ་བ་བྱུང་།   །སྲིད་པ་རྒྱལ་མོས་ལུང་བསྟན་ནས།   །གསུང་དབྱངས་འཕར་ཆེན་དུང་ལ་དབང་།   །ཞེས་པ་ལྟར་དོ་ཁང་རི་པ་ནས་བཟུང་དོ་ཁང་ལྷུན་འགྲུབ་དབང་གྲགས་བར་དུ་འཕར་ཆེན་གཏེར་གྱི་བདག་པོ་གདུང་རྒྱུད་ཤེལ་དཀར་ཕྲེང་བ་ལྟ་བུ་བསྟན་དང་འགྲོ་བའི་དོན་དང་ཁྱུང་ཡུལ་གྱི་བསོད་ནམས་ཀྱི་དཔལ་དུ་བྱོན་པའི་གདུང་ལ་གཟིགས་སོ།   །དུས་ནམ་ཀྱི་ཚེ་ཞེ་ན།   དེའང་ལུང་ལས།   ལྷ་བོན་ཡང་དག་དོན་རྒྱུད་རྒྱས་པའི་གཤེན།   །ཧ་ར་ཅི་པར་བཀའ་ལུང་གནམ་བབ་བདག   །ཧྲིས་པ་གྱེར་མེད་མན་ངག་ཟབ་གསང་འཆང་།   །ཞེས་པ་ལྟར་ལྷ་བོན་ཡོངས་སུ་དག་པ་ནས་ཤེལ་ཞིག་བདུད་འདུལ་གྱི་བར་དུ་སྐུ་ཡི་སྐྱེས་ཕྲེང་དུ་མ་ཞིག་ལ་བསྟན་དང་འགྲོ་བའི་དོན་བྱས་ཀྱང་།

     སླར་ཁྱུང་ཡུལ་མཐིལ་དུ་སྐུ་སྐྱེ་བ་བཞེས་པར་དགོངས་ནས་འབྱུང་ལྡན་ཉིས་བརྒྱ་གོ་བརྒྱད་པའི་ནང་།   བདག་ཅག་གི་རྣམ་འདྲེན་སྟོན་མཆོག་གཤེན་རབ་མི་བོ་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་གཅིག་ཁྲི་་བདུན་སྟོང་བརྒྱད་བརྒྱ་སོ་ལྔ་སོང་མཚམས།   བོད་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་འབྲུག་གི་ལོ་སྤྱི་ལོ་ ༼༡༨༣༢ ཤར་ཕྱོགས་ཙི་ནའི་ཡུལ་དུ་གོང་མ་ཆིན་ཏོ་ཀོང་ཁྲི་ལོ་བཅུ་གཉིས་པ་ལ།   ཁྱུང་དཀར་སྟེང་རྫོང་བསམ་འགྲུབ་ཕོ་བྲང་དུ་མི་དབང་ཕུན་ཚོགས་བསྟན་འཛིན་རྣམ་རྒྱལ་གྱིས་ཁྱུང་ཡུལ་ས་སྐྱོང་གནང་བཞིན་ཡོད་པའི་དུས་སུ།   ཡབ་དོ་ཁང་སྲས་དང་ཡུམ་ཞེ་འགྲུ་བཟའ་གཉིས་ཀྱི་སྲས་སུ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་མཚན་དཔེའི་དཀྱིལ་འཁོར་བཞད།   དེའི་དུས་སུ་ཁུ་བོ་སྐལ་བཟང་བློ་ལྡན།   སྟེང་ཆེན་ཀུན་ཁྱབ་གླིང་དུ་བོན་ལ་འཆད་ཉན་བྱས་ནས་བཞུགས་བཞིན་ཡོད་པའི་ཁོང་ལ་ཉམས་དང་རྨི་ལམ་ནང་།   རྒྱལ་བ་དོ་འཕགས་ཆེན་པོའི་གདུང་ལ་སྐྱེས་ཆེན་དམ་པ་ཤེལ་ཞིག་བདུད་འདུལ་བྱོན་པར་གཟིགས་ཏེ།   མཚན་ཡང་བདུད་འདུལ་གཡུང་དྲུང་གྲགས་པ་གསོལ་ནས།   ཁྲུས་དང་ཚེ་དབང་གནང་ནས་སྐུ་ཚེ་བསྟན་འགྲོའི་དཔལ་དུ་གེགས་མེད་བཞུགས་པའི་ཐུགས་བསྐྱེད་གནང་

ངོ་།  

     གཉིས་པ་ཐོས་བསམ་སྒོམ་གསུམ་དང་བསྟན་དང་འགྲོ་བའི་དོན་མཛད་ཚུལ་སྐུ་ཚེ་འདིའི་བྱུང་བ་བརྗོད་ན།   བདུད་འདུལ་དགུང་ལོ་ལྔ་ལ་ཕེབས་པའི་བོད་མེ་སྤྲེལ་ལོ་ཁུ་བོ་སྐལ་བཟང་བློ་ལྡན་གྱི་མདུན་དུ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་སྦྱོང་བའི་དབུ་ཚུགས།

     དགུང་ལོ་དྲུག་པ་བོད་མེ་བྱ་ལོར་ རྒྱལ་བ་སྨན་རི་བའི་ མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ཁྱུང་ཡུལ་དུ་ཕེབས་པ་དང་དུས་ཁེལ་ཏེ།   ཤེས་རབ་སྨྲ་བའི་སེང་གེའི་ལྗགས་ལུང་དང་དབང་བཅས་བསྐུར་ཏེ་ཕྱི་རབས་བསྟན་དང་འགྲོ་དོན་རྒྱ་ཆེར་ནུས་པའི་ཁ་དམར་གདགས་པར་གྲགས།   དབུ་སྐྲའི་གཙུག་ཕུད་ཀྱང་བཞེས།  

     དགུང་ལོ་བརྒྱད་པ་ས་ཕག་ལོར་ཡི་གེའི་འབྲི་ཀློག་མཐའ་རུ་ཕྱིན་ཏེ་དོ་ཁང་སྐལ་བཟང་བློ་ལྡན་གྱི་མདུན་ནས་རིག་པའི་གནས་སྦྱོང་བའི་དབུ་བརྩམས་ཏེ།   དག་དང་སྙན་ངག་སྨན་རྩིས་སོགས་རིག་གནས་སྐོར་དང་།   ཁྱུང་པོ་ཡིད་བཞིན་རྒྱལ་བ་ཚུལ་ཁྲིམས་ལ་སྙན་དུ་བརྒྱུད་པའི་ཁྱུང་ལུགས་ཀྱི་གྱེར་དབྱངས་དང་ཆོ་གའི་ཕྱག་ལེན་སོགས་ཕུལ་ཕྱིན་གནང་།

     དགུང་ལོ་དགུ་པ་ལྕགས་ཁྱི་ལོར་ སྐྱབས་མགོན་ཟླ་བ་རྒྱལ་མཚན་ཁྱུང་ཡུལ་དུ་ཕེབས་པའི་སྐབས་ སྐྱབས་མགོན་ཆེན་མོའི་མདུན་ནས་ཕྱི་ནང་གསང་བའི་དབང་ལུང་སོགས་དང་།   རྒྱལ་བ་བྲུ་ཡི་ཕྱག་ཁྲིད་བཞིན་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོའི་སྐོར་དང་སེམས་དོན་སྐོར་ལ་དམར་ཁྲིད་ཞུས།  

     དགུང་ལོ་བཅུ་པ་ལྕགས་གླང་ལོར་དོ་ཁང་ཀུན་ཁྱབ་གླིང་དུ་ཁུ་བོ་སྐལ་བཟང་བློ་ལྡན་མདུན་ཕྱི་ནང་གསང་བའི་བོན་སྒོའི་སྐོར་དབང་ལུང་ཁྲིད་གསུམ་དང་ཐོས་བསམ་སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས།

     དགུང་ལོ་བཅུ་གཉིས་ཆུ་ཡོས་ལོར་དཔལ་ལྡན་ཀོ་རྒྱལ་དགོན་དུ་དམུ་གཤེན་བསྟན་འཛིན་ཚུལ་ཁྲིམས་ཀྱི་མདུན་རྫོགས་པ་ཆེན་པོའི་བོན་སྡེའི་སྐོར་ལ་དབང་དང་ཉམས་ལེན་མཛད་སྐད་འདུག  

     དགུང་ལོ་བཅུ་གསུམ་ཤིང་འབྲུག་ལོར་དབལ་རོང་སྒྲུབ་ཕུག་ཏུ་ཁྱུང་སྤྲུལ་གཡུང་དྲུང་གཙུག་ཕུད་ཀྱི་མདུན་བཀའ་གསར་མའི་སྐོར་གྱི་དབང་ལུང་མན་ངག་བཅས་ལ་གསན་བསམ་གནང་བ་དང་བོན་གསར་མའི་ཆོ་གའི་ཕྱག་ལེན་དང་གྱེར་དབྱངས་སོགས་སྦྱང་པ་གནང་།  

     དགུང་ལོ་བཅོ་ལྔ་མེ་རྟ་ལོར་སླར་ མཁན་ཆེན་ཉི་མ་ཁྱུང་ཡུལ་དུ་ཕེབས་སྐབས་ཕྱི་ནང་གསང་བ་ཡང་གསང་སོགས་ཀྱི་དབང་ལུང་མན་ངག་གསན་པ་དང་།   རིག་པའི་གནས་ལ་སྒྲོ་འདོགས་ཡང་ཡང་བཅད།

     དགུང་ལོ་ཉེར་གཉིས་ཆུ་གླང་ལོར་སླར་ཡང་སྐྱབས་མགོན་ཟླ་བ་རྒྱལ་མཚན་ཁྱུང་ཡུལ་དུ་ཕེབས་སྐབས་གསང་བ་སེམས་ཕྱོགས་ཀྱི་བོན་སྡེ་མང་པོའི་ཁྲིད་ལུང་ཞུས་ཏེ་ཐེ་ཚོམ་གྱི་སྒྲོ་འདོགས་ཡོངས་སུ་བཅད་ནས་ཀུན་བཟང་བདག་ཞལ་མངོན་པར་མཇལ།   སྐབས་དེ་དུས་ཙམ་ན་ཁོང་སྟེང་ཆེན་ཀུན་ཁྱབ་གླིང་གི་བླ་མ་དང་།   ཁྱུང་དཀར་རུའི་དགུ་ཆེན་ཞེས་པ་ཁྱུང་དཀར་ཡུལ་གྱི་དགོན་ཁག་ཡོངས་རྫོགས་རྒྱས་འཚོགས་བྱེད་པའི་སྲོལ་ཡོད་པ་དེའི་སྐབས་སུ་ཁོང་ནི་ཚོགས་ཆེན་ཞལ་ངོའི་ཁྲི་འཛིན་ཡིན།  

     དགུང་ལོ་ཉེར་བརྒྱད་པ་ས་ལུག་ལོར་གཏེར་ཆེན་བདེ་ཆེན་གླིང་པའམ་རིག་འཛིན་ཀུན་གྲོལ་གསང་རྩལ་ཁྱུང་ཡུལ་དུ་ཕེབས་སྐབས།   གཏེར་ཆེན་མདུན་ནས་བོན་སྒོ་ཁག་གཅིག་གི་དབང་ལུང་དང་གཏེར་ཆེན་ཉིད་ཀྱི་བོན་སྐོར་བཅས་ལ་བཀའ་དྲིན་ཞུས་ཤིང་།   གཏེར་ཆེན་ཉིད་ཀྱིས་བསྟན་པའི་བདག་པོར་ལུང་ཡང་ཡང་བསྟན།  

     དགུང་ལོ་ཉེར་དགུ་ལྕགས་སྤྲེལ་ནས་ཆུ་ཁྱི་ལོའི་བར་རྣ་ལོང་མའི་མདུན་ཞོལ་ལྡོང་རྫོང་མ་ཞེས་པའི་སྒྲུབ་ཕུག་བྱིན་ཅན་ཞིག་ཡོད་པ་དེར་སྒོ་གསུམ་བཅད་རྒྱར་བཞུགས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་ཉམས་བཞེས་མཛད་དེ་བཞུགས།   དེའི་སྐབས་སྤྱང་ཚང་གི་རྒྱལ་སྲས་སྐུ་ཞབས་ ཚེ་དབང་བསྟན་རྒྱལ་མཆོག་བོན་གྱི་གྲྭ་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དུ་ སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་སྐུ་མདུན་དུ་མི་ལོ་ཧྲིལ་པོ་བཅུ་ལ་ཕྱི་འདུལ་བ་ནང་གསང་སྔགས་གསང་བ་སེམས་ཕྱོགས་ཀྱི་བོན་སྒོ་སོགས་དང་ཤེས་བྱ་བཅུ་ཕྲག་རིག་པའི་གནས་ལ་གསན་སྦྱོང་མཐའ་རུ་ཕྱིན་ནས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་ནས་ཁྱུང་ཡུལ་དུ་ཕེབས་ཏེ།   ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་གཉིས་པའི་ཁྲི་འཛིན་གནང་ཞིང་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་མཆོག་སྤྲུལ་བདེ་ཆེན་གླིང་པ་གཉིས་ཀྱིས་ལུང་བསྟན་ལྟར་གོང་གི་ཀུན་ཁྱབ་གླིང་དང་བསྟན་རྒྱས་གླིང་གཉིས་མདོར་བསྒྲིལ་ཏེ།   དགོན་པ་གནས་ཆེན་བྲག་དམར་རི་འདུས་ཀྱི་མདུན་ཞོལ་གསང་གསུམ་གཏེར་གྱི་སྒྲོམ་བུ་ཁར་གནས་སྤོས་རྒྱ་བསྐྱེད་གནང་།   དེ་ཡང་ལུང་ལས།   །བྲག་དམར་མེ་ལྕེ་མཆེད་འདྲའི་ཞོལ།   །གསང་གསུམ་གཏེར་གྱི་སྒྲོམ་བུའི་ཁར།   །བཤད་བསྒྲུབ་འདུས་སྡེ་རྒྱས་པར་འགྱུར།   གསུངས་པ་ལྟར།   ཁོང་གི་ཐུགས་ལ་རྒྱལ་བསྟན་རྩ་བ་འཆད་ཉན་སྒོམ་སྒྲུབ་ཡིན་པ་དང་འཆད་ཉན་སྒོམ་བསྒྲུབ་དགོས་ན་བཤད་སྒྲུབ་སྒོམ་པའི་འདུས་སྡེ་སྐྱོང་དགོས་པ་ཐུགས་ལ་ཤར་ཏེ།  

     བདུད་འདུལ་དགུང་གྲངས་སོ་གཉིས་པ་ཆུ་ཕག་ལོར་གདན་འདྲེན་ཞུས་ཏེ་སྐུ་ཞབས་ བདུད་འདུལ་གཡུང་དྲུང་གྲགས་པ་མཆོག་སྒོམ་སྒྲུབ་མཁན་པོ་གནང་བ་དང་།   ཚེ་དབང་བསྟན་རྒྱལ་མཆོག་དགོན་པའི་ཁྲི་འཛིན་དང་བཤད་གྲྭའི་མཁན་པོ་གཅིག་ལྕོགས་གནང་སྟེ་ཐོས་བསམ་སྒོམ་སྒྲུབ་ཀྱི་བསྟན་པ་སྤེལ།   སྐབས་དེར་སྐུ་ཞབས་བདུད་འདུལ་གྱིས་རྒྱལ་སྲས་ཚེ་དབང་བསྟན་རྒྱལ་གྱི་མདུན་ནས་མཚན་ཉིད་ཀྱི་བོན་ལ་ཐོས་བསམ་མཛད་པ་དང་།   བསྙེན་རྫོགས་ཞུས་ཏེ་ཚུལ་མིང་མཆོག་སྤྲུལ་ཚུལ་ཁྲིམས་དབང་གྲགས་ཞེས་གསོལ།

     དགུང་གྲངས་སོ་གསུམ་ཤིང་ཕོ་བྱི་བའི་ལོར་བདག་ཅག་གི་སྟོན་པ་རྣམ་འདྲེན་དམ་པ་གཤེན་རབ་མི་བོ་སྐུ་འཁྲུངས་པའི་དུས་ཁྱད་པར་ཅན་ལ།   ཁྱུང་པོ་སྟེང་ཆེན་དགོན་དུ་རྒྱལ་བའི་བཀའ་འབུམ་རབ་རྒྱས་ཁང་རྒྱས་སྤྲོས་གནང་བ་དང་ཆབས་གཅིག་རྒྱལ་བའི་བཀའ་དང་བཀའ་བརྟེན་བོད་བཞུགས་ཡོད་པ་རྣམས་ཀྱི་མ་དཔེ་འཚོལ་བསྡུའི་དབུ་ཚུགས།   སྐབས་དེར་སྔར་ སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་ལྡོང་མདོའི་ལྷ་ལ་རབ་གནས་མི་དགོས་ཞེས་གསུངས་ཡུལ་གྱི་ལྷ་བྲིས་པ་སྟེ།   ཁྱུང་ཡུལ་ལྷ་བཟོ་ཀུན་གྱི་དབུ་མཛད་ཆེན་མོ་བ་བཟོ་རྒྱལ་གར་མ་ལི་ཤོའི་རྗེས་སུ་བཟུང་བ་གང་ཉིད་གློ་བུར་དུ་དགོངས་པ་རྫོགས།   ཁོང་གི་སྲས་འབུ་དགའ་སྐུ་ན་ཕྲ་ཞིང་ལྡོང་མདོའི་ལྷ་རྒྱུད་ཆད་ལ་ཉེ་བས།   སྐུ་ཞབས་བདུད་འདུལ་གྱི་ཐུགས་ལ་ལྡོང་མདོའི་ལྷ་རྒྱུད་ཆད་ན་བོན་གྱི་བསྟན་པ་སྤྱི་ལ་མི་ཉན་ཞིང་སྒོས་སུ་ཁྱུང་ཡུལ་དུ་ལྷ་རྒྱུད་ཉམས་འགྲོ་བར་དགོངས་ནས།   སྔར་ལྡོང་མདོའི་དབུ་མཛད་ཆེན་མོའི་དངོས་སློབ་དགེ་སློང་འཇའ་ཚོན་ཞུ་བ་ཞིག་མཚམས་ཕོངས་དགོན་དུ་བཞུགས་ཡོད་པ་ཐུགས་ལ་ཤར་ཏེ།   ལམ་སེང་དགེ་སློང་འཇའ་ཚོན་མདུན་དུ་ཕྱག་ཡིག་དང་སྦྲགས་བང་མི་མངགས་ནས་རེ་དོན་ཞུས་པས།   དགེ་སློང་ནས་དེ་དོན་ཞལ་བཞེས་གནང་སྟེ་བང་མི་མར་སླེབས་སྐབས་དེར་ལྡོང་མདོ་འབུ་དགའ་དགུང་ལོ་བཅུ་གཉིས་ལས་སོན་མེད་ནའང་།   སྐུ་ཞབས་བདུད་འདུལ་མཆོག་ནས་གོས་ལྷམ་ཆ་ཚང་གཅིག་དང་རྟེན་འབྲེལ་གྱི་ཁ་བཏགས་གསོལ་ཞིང་།   ཧོར་ཚང་བྱམས་པ་ཞབས་ཕྱི་བཏང་སྟེ་དགེ་སློང་འཇའ་ཚོན་མདུན་ནས་ལྷ་བྲིས་གཙོས་པའི་རི་མོའི་སྒྱུ་རྩལ་ཡོངས་སུ་དཔྱིས་ཕྱིན་པ་སྦྱང་དགོས་པའི་བཀའ་ལུང་སྤྱི་བོར་ཕབ་པ་སོགས་ཁྱུང་ཡུལ་དུ་ལྡོང་མདོའི་ལྷ་རྒྱུད་མ་ཆད་པའི་བཀའ་དྲིན་བསྩལ།  

     བདུད་འདུལ་དགུང་གྲངས་སོ་དྲུག་པ་བོད་རབ་བྱུང་བཅོ་ལྔ་པའི་མེ་ཡོས་ལོར་    རིག་འཛིན་དབལ་འབར་སྟག་སླག་ཅན་ཁྱུང་པོ་སྟེང་ཆེན་དགོན་དུ་ཕེབས་ཏེ་སྐུ་ཞབས་བདུད་འདུལ་དང་དབང་ལུང་ཕར་ཕུལ་ཚུར་ཕུལ་གྱིས་ཐུགས་དགོངས་གཅིག་ཏུ་བསྲེས་ཤིང་།   གྲུབ་བརྙེས་དབལ་འབར་སྟག་སླག་མཆོག་གིས་སྐུ་ཞབས་རྣམ་གཉིས་ཀྱི་སྐྱེས་རབས་བསྟོད་པ་ཕུལ་བ་དང་།   གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་སྒོས་སུ་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་བསྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་གེགས་སེལ་གྱི་ཆེད།   མཁའ་ཀློང་གསང་བའི་མདོས་ཆེན་དང་གྲུབ་བརྙེས་ཉིད་ཀྱི་སྙན་བརྒྱུད་བོན་སྐོར་རྣམས་ཞལ་ཕྱེས་ཏེ་ལས་མཐའ་སྦྱིན་སྲེག་དྲག་བླུགས་སོགས་བྱས་པས་མཐའ་དམག་ཟློག་པའི་རྟགས་དང་སྡང་དགྲ་བརླག་པའི་རྟེན་འབྲེལ་ཡང་ཡང་ཤར་གསུངས།  

     དགུང་གྲངས་ཞེ་བཞི་ཤིང་ཕག་ལོར་སྔར་ཤིང་བྱི་ལོ་ནས་བཟུང་སྟེ་མི་ལོ་བཅུ་གཅིག་རིང་བཀའ་བརྟེན་འཚོལ་བསྡུ་བྱེད་པའི་མཛད་པ་རླབས་པོ་ཆེ་དེ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་བ་དང་།   ཁོང་ཉིད་བཤད་སྒྲུབ་སྒོམ་པའི་སློབ་དུས་ཚང་ནས་ལྷ་དང་སྲུང་མའི་ལུང་བསྟན་ལྟར།   རྒྱལ་བའི་ཐུགས་ཚབ་བོན་རིར་གནས་སྐོར་ལ་འབྱོན་རྒྱུའི་གྲབས་བྱས་ཏེ་དབྱར་ཁ་ཀོང་ཡུལ་དུ་ཕེབས་པའི་ལམ་དབར་དུ་ཆར་ཞོད་ཆེ་བས་རྒྱལ་མོ་རྔུལ་ཆུ་འབྲུག་སྟེ་བརྒལ་ཐབས་བྲལ།   ཉིན་གཉིས་ཙམ་དེར་བཞུགས་ནས་བྲིང་བསྒུགས་ཀྱང་བྲིང་མཁན་གྱིས་ཕྱོགས་རིས་བྱས་ཏེ་བྲིང་མ་གཏོང་།   མཐར་བླ་མའི་ཞབས་འཁོར་གྲས་འདན་མ་གཡུང་དྲུང་ཀུན་ཁྱབ་དང་ཕུག་གུ་སངས་རྒྱས་ཡེ་ཤེས་གཉིས་ལ་ད་ང་རང་ཚོས་ཆུ་བརྒལ་དགོས་གྲ་བསྒྲིགས་གྱིས་གསུངས་ནས།   བླ་མ་རྟ་ལ་བཅིབས་ཏེ་འདན་མ་གཡུང་དྲུང་ཀུན་ཁྱབ་ཀྱིས་ཆིབས་ཁ་ཁྲིད་ནས་སྐུ་འཁོར་ལྔ་བཅུ་ལྷག་ཙམ་དང་འགེལ་རྟ་བཅས་རིམ་བཞིན་ཆུ་རྩར་སླེབས་སྐབས།   ཆུ་ནང་མདོག་སྐྱ་བོ་ཞིག་འཕྲེད་བཅད་དུ་ཤར་ཏེ་ཕར་རིར་ཟུག་པ་དེར་བརྒྱུད།   བླ་མ་དཔོན་གཡོག་དེའི་སྟེང་ནས་ཐོན་སྐབས་ཆུ་ནང་རྐང་པའི་བོལ་ཚིག་ནུབ་ཙམ་ལས་མ་བྱུང་བས་ཆུ་བོ་བདེ་བླགས་ངང་སྒྲོལ།   དེ་ནས་བཟུང་སྐུ་ཞབས་བདུད་འདུལ་ནི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རེད་ཅེས་ཀུན་གྱིས་གླེང་བར་ཐོས།  

     དགུང་གྲངས་ཞེ་ལྔ་མེ་བྱི་ནས་དབུ་ཚུགས་སྟེ་ཁྱུང་པོ་སྟེང་ཆེན་དགོན་རྒྱལ་བའི་བཀའ་འབུམ་རབ་རྒྱས་ཁང་དུ་བཀའ་བརྟེན་ཞིབ་འཇུག་གི་ཕྱག་ལས་ཉིན་མཚན་ལྟོས་མེད་དུ་གནང་ཞིང་།   རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློ་ཡི་ཐ་རམས་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་ཅེས་པའི་དབུ་བརྩམ་ནས་མཐར་དགུང་གྲངས་ཞེ་དགུ་ཕེབས་པའི་ལྕགས་འབྲུག་ལོར་ལེགས་པར་གྲུབ་པ་སྟེ།   ད་ལྟ་བདག་ཅག་གི་མིག་ལམ་དུ་ཡོད་པའི་བཀའ་བརྟེན་གྱི་རྩིས་རྒྱ་འདི་བཀའ་དྲིན་རྗེས་གནང་མཛད།   དེ་ཡང་རྩིས་རྒྱ་ལས།   མི་རྟོགས་སྒོམ་པའི་རྣལ་འབྱོར་བདག་ཅག   །མི་རྟག་སྐྱོ་ཤས་དྲན་པའི་ཡིད་འབྲང་།   །མ་རིག་ཚེ་འདིའི་འདུན་མ་རྒྱང་བསྲིངས།   །མ་ལུས་གང་རྙེད་བཀའ་བརྟེན་འདིར་བསྡུས།  

ཞེས་གསུངས་པ་ལྟར།   ཁོང་གིས་སྔར་ཤིང་བྱི་ནས་བཟུང་མི་ལོ་བཅུ་བདུན་རིང་ལ་སྐུ་ལས་གནང་མཐར་དཀྱུས་གཅིག་ཏུ་བསྡུས་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་སྐོར།   མདོ་སྡེ་ལ་པོ་ཏི་བརྒྱ་དང་བཅོ་ལྔ།   འབུམ་སྡེ་ལ་བདུན་ཅུ་དོན་བདུན།   སྔགས་སྡེ་ལ་གཉིས་བརྒྱ་གོ་གསུམ།   སེམས་སྡེ་ལ་སུམ་བཅུ་སོ་དྲུག   །རིག་གནས་ལ་ཉེར་གསུམ་བཅས་ཁྱུང་པོ་སྟེང་ཆེན་དགོན་རྒྱལ་བའི་བཀའ་འབུམ་རབ་རྒྱས་ཁང་དུ་གསར་བསྡུ་ཐུབ་པ་ནི་རླབས་ཆེན་གྱི་མཛད་རྗེས་བསྐྲུན་པ་ཞིག་ལོས་ཡིན།   འོ་ན་དེའི་སྔོན་དུ་བོན་ལ་བཀའ་བརྟེན་མེད་པ་དང་བཀའ་བརྟེན་ཕྱོགས་བསྡུ་ཐུབ་མེད་ཅེས་པ་དེའང་མ་ཡིན་ཏེ།   བོད་འདིར་འགྲོ་འོང་གི་ཆ་རྐྱེན་ཞན་པ་དང་།   ཆབ་སྲིད་ཀྱི་འགྱུར་ལྡོག་ཆེ་བ།   ཆོས་ལུགས་ལ་འཕོ་འགྱུར་མང་བ་བཅས་ཀྱིས་རྐྱེན།   དཀྱུས་གཅིག་ཏུ་རྒྱལ་བའི་བཀའ་བརྟེན་བོད་བཞུགས་ཕལ་ཆེར་བསྡུ་ཐུབ་པ་ནི་ཐེངས་དང་པོ་མིན་ནམ་སྙམ།   དགུང་གྲངས་ལྔ་བཅུ་ལྕགས་འབྲུག་ལོ་ནས་བཟུང་ཁོང་ལ་མི་མ་ཡིན་དང་ཡུལ་ས་སོགས་ཀྱིས་དཀར་ཟས་དྲངས་ཚུལ་སོགས་མང་དུ་ཡོད་ལ།   ཁོང་གིས་བརྩམས་པའི་ལེགས་བཤད་དང་ཕྱག་བཞེས་ཆོ་གའི་ཕྱག་ལེན་སོགས་ཕྱི་རབས་ལ་བཀའ་དྲིན་བསྩལ་བ་མང་དུ་ཡོད་ཀྱང་འདིར་དེ་ཙམ་མོ།  

     དགུང་ལོ་ང་གཉིས་ཆུ་རྟ་ནས་ཁོང་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་གསུམ་པའི་གསེར་ཁྲི་ལ་་བཞུགས་སུ་གསོལ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སེམས་ཅན་གྱི་བདེ་སྐྱིད།   ཁྱད་པར་དུ་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་བུ་སློབ་རྣམས་ཀྱི་ཆེད་དུ་འཆད་རྩོད་རྩོམ་གསུམ་དང་སྒོམ་སྒྲུབ་ཉམས་ལེན་གྱིས་དུས་འདའ་བར་བཞུགས་སོ།  

        གསུམ་པ་སྐུ་ཞིང་ཁམས་གཞན་དུ་གཤེགས་ཚུལ་ནི།   མཐར་བསྟན་དང་འགྲོ་བའི་དོན་གྲུབ་ནས་སྐུ་ཞིང་ཁམས་གཞན་དུ་གཤེགས་པར་དགོངས་ཏེ།   ལུང་ལས།   རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར།   །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།   །ཞེས་དང་།   དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་བསྟན།   ཁམས་གསུམ་སེམས་ཅན་དེ་བཞིན་ལུས་པ་མེད།   །ཅེས་གསུངས་པ་ལྟར།  

     དགུང་གྲངས་ང་དགུ་བཞེས་པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་གི་ལོར་ཧོར་ཟླ་དགུ་པའི་ཚེས་གཉིས་ཉིན་སྐུ་ལ་མགུལ་ཆམ་ལྟ་བུའི་སྙུན་ཁམས་ཅུང་ཟད་བསྟན་ཏེ་ཕྱག་མཉམ་བཞག་དང་ཞབས་དཀྱིལ་ཀྲུང་བཅས་ཆ་ལུགས་ཕྱག་བརྒྱ་ལྔ་ལྡན་ངང་དགོངས་པ་བོན་དབྱིངས་སུ་ཐིམས་སོ།  

     དེ་ནས་ཁྱུང་དཀར་བསྟན་རྒྱས་གླིང་གི་བདུད་འདུལ་གྲྭ་ཚང་ནས་དགུང་ཞག་ཞེ་དགུའི་རིང་མ་རྒྱུད་གྲུབ་ཆེན་ཕྱག་མཆོད་དང་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བཅས་ཕུལ་ཏེ་སྐུ་གདུང་ཁྱུང་ཡུལ་དད་ལྡན་སྐྱེ་བོ་ཀུན་ལ་མཇལ་ཁ་གནང་།   མཐར་གྲུབ་དབང་སྨོན་ལམ་རིན་པོ་ཆེའི་ལུང་བསྟན་ལྟར་སྐུ་གདུང་རིན་པོ་ཆེ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསེར་གདུང་ལྷ་མིའི་གཙུག་རྒྱན་ནང་དུ་བཞུགས་སུ་གསོལ་ཏེ་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་ཡུན་རིང་བཞུགས།   ཕྱིས་རིག་གནས་གསར་བརྗེ་ཞེས་པའི་དུས་ཟིང་སྐབས་སུ་སྐུ་གདུང་ཕྱིར་བཏོན་ཏེ་བལྟ་སྐབས།   ཞལ་ངོ་དཀར་རྐྱང་དུ་གྱུར་ཞིང་སྐུ་ཤ་ཅུང་ཟད་དམར་མདངས་ཡོད་པ།   དབུ་སྐྲ་སྨུག་པོས་སྐུ་སྟོད་ཁེབས་ཙམ་ལ་ཅུང་ཟད་རྒུར་ཞད་ལྡན་པ།   བྱིས་པ་ལོ་བརྒྱད་ཀྱི་ངང་ཚུལ་ཆ་ལུགས་ལྔ་ལྡན་ལས་མ་གཡོས་པར་བཞུགས་པ།   དེར་ཡོད་ཀུན་གྱི་མིག་ལམ་དུ་མཐོང་མཐར་འབར་བ་མེ་ཡི་ཞིང་དུ་བསྟབས་པའོ།   །ཞེས་དེ་སྐབས་ཡོད་པའི་རྒན་རབས་ཚོའི་ངག་སྒྲོས་ཡིན་ཞིང་།   དེའི་དགོང་མོ་དད་ལྡན་འགའ་རེས་གདུང་ཐལ་ཅུང་ཟད་ལྐོག་ཉར་བྱས་ཡོད་པ་ནི་ད་ལྟ་བདག་ཅག་གི་དད་རྟེན་ཙམ་དུ་གྱུར་ཞེས་པས་མཇུག་གྲུབ་བོ།   །སླར་སྨྲས་པ།

 

 རྩོད་ལྡན་དུས་འདིར་གཤེན་བསྟན་འཛིན་པ་ལ།   །སྙིང་ཁམས་གཞན་ལས་འཕགས་པའི་མཛད་འཕྲིན་ཅན། 

རྣམ་འདྲེན་མཆོག་སྤྲུལ་འོད་ཟེར་སྦྱིན་པ་སོགས།   །བསྟན་འཛིན་རྒྱུ་སྐར་གྲངས་ལྡན་སླར་ཡང་འདུད།  

 

༧  མང་ཐོས་ཁྱུང་གི་གཤོག་རླབས་མ་རྫོགས་ཤིང་།   །ཉུང་ཐོས་ཅོ་གའི་འཕུར་ལྡིང་བདག་འདྲ་བས།  

སྡེབ་ཉེས་ལུང་འགལ་གྱུར་པ་ཡོད་སྲིད་པས།   །མཁྱེན་ལྡན་དམ་པ་རྣམས་ཀྱི་དྲུང་དུ་བཤགས། 

 

     ཞེས་བདུད་འདུལ་སྤྲུལ་པའི་སྐུ་མཆོག་ཚུལ་ཁྲིམས་དབང་གྲགས་རིན་པོ་ཆེ་མཆོག་གི་མཛད་རྣམ་ཉུང་བསྡུས་འདི་འདྲེན་མཆོག་ཤེས་རབ་དགེ་ལེགས་རིན་པོ་ཆེས་མཛད་པའི་བདུད་འདུལ་གྱི་མཛད་རྣམ་ཉུང་བསྡུས་དང་།  བདུད་འདུལ་གྱི་སྐྱེས་རབ་ཁག་དང་།   སྔར་གྱི་ཟེར་སྒྲོས་སོགས་ལ་གཞི་བཅོལ་ཏེ་བོད་རབ་བྱུང་བཅུ་བདུན་མེ་ཕོ་ཁྱི་སྟེ་སྤྱི་ལོ་ 2006 ཟླ་ཚེས་དགེ་ཞིང་གཟའ་སྐར་ཤེས་པའི་ཉིན་གུས་འཆི་མེད་གཡུང་དྲུང་བདག་གིས་ཁྱུང་ཡུལ་བོན་གྱི་འདུས་ཆེན་མོ་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་ནས་མགྱོགས་པར་བྲིས་སོ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།